དབྱར་གྱི་དུས་ཚིགས་འདིར། ཞོགས་པའི་ཉི་ཟེར་དང་པོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོའི་ས་གཞི་ཀུན་ལ་འཕྲོས་པ་ན། ལྗང་མདོག་གི་རྣམ་པ་ཞིག་ག་ས་གང་དུ་མངོན་ཡོད་པ་དང་། ནོར་ལུག་རི་ཀླུང་ཀུན་ལ་ཁྱབ་འདུག ཡུལ་ཚོ་སྲིད་གཞུང་གི་སྒོ་ཁའི་ཁོད་ཡངས་པའི་ཐང་ཆེན་དུ་རྒན་པ་རྣམས་ཉི་མར་ལྡེས་ནས་ཁ་བརྡ་བྱེད་པ་དང་། བྱིས་པ་རྣམས་ལུས་སྦྱོང་རྩལ་ཆས་ཀྱི་སྟེང་དུ་འགོས་ནས་རྩེད་མོ་རྩེ་བཞིན་འདུག དེའི་རྒྱབ་རོལ་ནི་གྲལ་དག་ལ་སྟར་ཕྲེང་བསྒྲིགས་པའི་སྡོད་ཁང་དང་མུ་མཐའ་བྲལ་བའི་རྩྭ་ཐང་ཡིན་ཞིང་། འཚོ་བ་རོལ་སྟངས་འདིས་གཞིས་ཁྱིམ་རེ་རེའི་བདེ་སྐྱིད་འཚོ་བའི་རྣམ་པ་ཞིག་ཕྱིར་མངོན་བཞིན་འདུག
“ད་ལྟ་གནམ་གཤིས་ཇེ་དྲོར་སོང་ཡོད་པས། རྩྭ་ཐང་འདིའི་ཆེས་མཛེས་པའི་ཉམས་སྣང་མངོན་འདུག སྡེ་བའི་ལས་བྱེད་པ་དང་ཏང་ཡོན་ཚོའི་སྣེ་ཁྲིད་འོག ཕ་ཡུལ་གྱི་ཁོར་ཡུག་ནི་ཉིན་རེ་ནས་ཉིན་རེར་ཇེ་ཡག་ཡིན་ལ། བདེ་སྐྱིད་ཀྱི་འཚོ་བ་ཡང་ཁ་ཐོག་ལག་ཐོག་འདི་རེད”ཅེས་རྫ་དཀར་སྡེ་བའི་སྡེ་མི་ཉི་བྱ་ཡིས་ལོ་འདི་འགའི་འགྱུར་ལྡོག་ལ་ཕྱིར་དྲན་བྱས་ནས་དགའ་སྤྲོས་ཁེངས་བཞིན་དེ་ལྟར་བཤད།
རྩ་འཛུགས་དར་ན་གྲོང་གསེབ་དར། རྩ་འཛུགས་སྟོབས་ན་གྲོང་གསེབ་སྟོབས། ཏང་ཡོན་གྱི་སྣེ་ཁྲིད་པ་ནི་གཡུ་སྐེ་ཡུལ་ཚོས་གསར་སྐྲུན་བྱས་པའི་ཏང་འཛུགས་སྐྲུན་གྱི་ཆས་རྟགས་ཤིག་ཡིན་པ་དང་། གཡུ་སྐེ་ཡུལ་ཚོའི་སྔོན་ཆད་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བའི་ཁྲོད། ངོས་ཟིན་གསལ་བོ་མིན་པ་དང་དོ་དམ་ནན་མོ་མིན་པ། ལམ་ལུགས་ཚད་ལྡན་མིན་པ་བཅས་ནི་ནམ་ཡང་སྡེ་བ་རིམ་པའི་ལས་འགན་མེད་པའི་ཏང་ཡོན་གྱི་ནུས་པ་འདོན་སྤེལ་ལ་ཚོད་འཛིན་ཐེབས་པའི“བཀག་རྡོ”ལྟ་བུར་གྱུར་ཡོད་ལ། དཀའ་གནད་དེ་བརྟོལ་ཆེད། གཡུ་སྐེ་ཡུལ་ཚོས་ཏང་འཛུགས་སྐྲུན་གྱི་ཆས་རྟགས་གསར་སྐྲུན་བྱེད་པ་དང་། “སེར་པོ་ཏང་འཛུགས་སྐྲུན་དང་། ཏང་ཡོན་ཚད་འབེབས་ཆ་བསགས་སྐར་མ”ཡི་དོ་དམ་ཤུགས་ཆེན་པོས་ཁྱབ་གདལ་བཏང་ཞིང་། ཏང་ཡོན་ཆ་བསགས་སྐར་མའི་བརྗེ་སྤྲོད་ཚོང་ཁང་བཙུགས་ནས། ཚད་འབེབས་ཆ་བསགས་སྐར་མ་ཚོང་རྫས་ལ་བརྗེ་བ་དང་། སྡེ་བ་རིམ་པའི་ཏང་ཡོན་རང་འགུལ་ངང་དེའི་ཁྲོད་ཞུགས་པར་ཧུར་ཐག་གིས་སྐུལ་སྤེལ་བྱས། དུས་མཚུངས་སུ། ཏང་ཡོན་གདོང་མཆོང་ལས་རྐང་བཅུ་བཙུགས་ཏེ། ལས་འགན་མེད་པའི་ཏང་ཡོན་ལ་ལས་རྐང་དང་འགན་འཁྲི་གཏན་འབེབས་བྱས་པ་དང་། ལས་འགན་མེད་པའི་ཏང་ཡོན་ལ“ལས་རྐང་དང་འགན་འཁྲི། བྱེད་སྟངས”བཅས་ཡོད་པར་བྱས་ཏེ། ཏང་ཡོན་གྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱས་ཐོག དམར་པོའི་སྟོབས་ཤུགས་ལ་གཞི་རིམ་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོང་། གྲོང་གསེབ་དར་སྤེལ་སོགས་ཀྱི་ཕྱོགས་སོ་སོའི་བྱ་བའི་ཁྲོད་དུ་གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དུ་བཅུག་པར་མ་ཟད། ཏང་ཡོན་ལ་དུས་རབས་གསར་པར་འགན་འཁྲི་དང་བྱེད་སྟངས་གསར་པ་ཡོད་དགོས་པའི་སྐུལ་མ་བཏང་།
ཏང་ཡོན་གྱི་འབད་འབུངས་ཡར་བརྩོན་གྱི་སྣེ་ཁྲིད་དང་དཔེ་སྟོན་གྱིས་སྡེ་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཏེ། མི་སྔར་ལས་མང་པོ་ཞིག་རང་འགུལ་གྱིས་སྡེ་བའི་འཛུགས་སྐྲུན་ཁྲོད་ཞུགས། སྔོན་ཆད་གད་སྙིགས་གང་སར་འཕེན་པ་དེ་སྡེ་མི་ཁ་ཤས་ཀྱི་གོམས་གཤིས་ཤིག་ཏུ་གྱུར་ཡོད་པས། འགྱིག་ཤོག་གི་གད་སྙིགས་སྣ་ཚོགས་ནམ་ཡང་ལམ་འགྲམ་དུ་མཐོང་ཐུབ། ཡུལ་ཚོས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས་བཟུང་། གཞི་རིམ་གྱི་ཏང་ཡོན་ཚོས་ཆུ་ལམ་བཅོས་སྐྱོང་དང་ཡུལ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་། དེ་མིན་ཡུལ་ཁོངས་ཀྱི་གད་སྙིགས་ར་བར་གཅིག་བསྡུས་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་འགུལ་རེ་རེ་སྤེལ་བའི་ཁྲོད། མིག་དཔེ་བསྟན་ནས་ལས་ཡུལ་དང་པོ་རུ་ནམ་ཡང་ཏང་དར་མཐོན་པོར་སྐྱོད་དུ་བཅུག་སྟེ། སྡེ་མི་རྣམས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཞུགས་པར་སྐུལ་ཁྲིད་དང་། “བདག་པོའི”འདུ་ཤེས་ཆགས་སུ་བཅུག་པར་མ་ཟད། གཞི་རིམ་བཅོས་སྐྱོང་གི“ནུས་པ་ཡོད་ཚད”སྐུལ་སྤེལ་བྱས།
“ནུས་ཤུགས་གང་ཡོད་སྒོས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ།‘ཕྱི་ནང་’གཉིས་ཀར་ཧུར་ཐག་གིས་མཐུན་སྦྱོར་བྱས་ལ། ད་ལྟ་ང་ཚོའི་སྡེ་བ་སོ་སོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཏེ། ཚང་མས་དེར་བསྟོད་བསྔགས་བྱེད་ཀྱིན་འདུག”ཅེས་རྫ་དཀར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས་དེ་ལྟར་བཤད་བྱུང་།
ད་ལོ་ལོ་ན་ཞེ་དྲུག་ཡིན་པའི་གཡང་བཟང་ནི་ལུང་དམར་སྡེ་བའི་ཏང་ཡོན་ཞིག་ཡིན། ཁོ་ནི་བསམ་པའི་རིག་གནས་དྲིལ་སྒྲོག་པ་ཞིག་ཡིན་ལ། བརྩེ་སེམས་ཏང་ཡོན་གདོང་མཆོང་ལས་རྐང་གི་ལས་མི་ཞིག་ཀྱང་ཡིན་པས། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དྲིལ་སྒྲོག་དང་གསེད་འགྲོལ་བྱེད་པ་ནི་ཁོའི་ཕྲག་ཏུ་བབས་པའི་བྱ་བ་ཡིན་པ་དང་། དུས་མཚུངས་སུ་སྡེ་བ་བཅོས་སྐྱོང་གི་བྱ་བ་རེ་རེའི་ཧུར་ཐག་གིས་ཞུགས་པ་དེས་ཁོར་སྐར་མ་མི་ཉུང་བ་ཞིག་བསགས་བྱུང་།“ད་ལྟ་ང་ཚོ་ཏང་ཡོན་བར་དུ‘སྐར་མ་གསོག་པ་དང་འགྲན་རེས་ངོམས་རེས’བྱེད་པའི་རྣམ་པ་ཞིག་ཆགས་ལ། ཚང་མས་སུས་དོན་དངོས་མང་པོ་སྒྲུབ་པ་དང་། སུས་མང་ཚོགས་ལ་རོགས་རམ་བྱས་ཏེ་དཀའ་ངལ་མང་པོ་ཐག་གཅོད་བྱེད་པ། སུས་སྡེ་བའི་འཕེལ་རྒྱས་ལ་བྱས་རྗེས་མང་པོ་བཞག་པ་བཅས་འགྲན་རྩོད་བྱས་ཏེ། ‘སྒུག་རྟེན་སློང་’གསུམ་གྱི་བསམ་བློ་རིམ་བཞིན་བསྒྱུར་ལ། དམངས་སྲོལ་ཡང་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། བདེ་སྐྱིད་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས”ཞེས་གཡང་བཟང་གིས་དེ་ལྟ་བུའི་སྐད་ཆ་ཞིག་བཤད་བྱུང་།
དེ་མ་གཏོགས། གཡུ་སྐེ་ཡུལ་ཚོས་ད་དུང་དམར་པོའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ་ཏང་གི་ལོ་རྒྱུས་ཡིག་ཚགས་ཁང་བཙུགས་པ་དང་། རང་ཁྱིམ་གྱི་སྒོ་ཁའི་དམར་པོའི་ཐོན་ཁུངས་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སློབ་དེབ“གསོན་པོར”བརྩིས་ལ། རྗེས་དྲན་རིག་དངོས་རེ་རེ་ནི་འགྱུར་ལྡོག་ཆེ་བའི་དྲིལ་ཤོག་རི་མོ་ཞིག་ཡིན་ཞིང་། དེའི་རྒྱབ་རོལ་དུ་ལོ་རྒྱུས་ཀྱི་འདས་དོན་རེ་རེ་དང་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་རེ་རེ་ཡོད་པས། ཏང་གི་ལོ་རྒྱུས་ཡིག་ཚགས་ཁང་གིས་ཟུར་མང་པོ་དང་རྣམ་པ་མང་པོའི་སྒོ་ནས་དམར་པོའི་གཏམ་རྒྱུད་རྒྱུན་མཐུད་ཀྱིས་བརྗོད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་པ་དང་ཏང་གི་གནས་ཚུལ་རྟོགས་པ། ཏང་གི་རྗེས་འབྲང་བར་སློབ་གསོ་དང་སྣེ་ཁྲིད་པ། ཚང་མར་དུས་ཐོག་ཏུ་བསམ་པའི“རྒྱགས་ཕྱེ”ཁ་གསབ་བྱས་ཤིང་། ཏང་འཛུགས་སྐྲུན་བྱ་བར་ཆེས་སྤུས་ལེགས་ཀྱི“སྒུལ་ནུས”ཡོད་པར་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་བྱ་བ་སྔར་ལས་དངོས་ཡོད་དང་མཐུན་ཞིང་མི་སེམས་སུ་ཟུག་པར་བྱས།
གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་དར་སྤེལ་གཏོང་བ་ནི་རྩ་བ་དང་འགན་སྲུང་ཡིན། གཡུ་སྐེ་ཡུལ་ཚོས་ཏང་འཛུགས་སྐྲུན་བྱ་བ་དང་གྲོང་གསེབ་དར་སྤེལ་གཉིས་མཉམ་འདྲེས་ཟབ་མོ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས། གསར་སྐྲུན་ནུས་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དང་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་གསལ་བོར་མངོན་པ་བཅས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་བཏང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།