“ཚོང་ཁང་ཆུང་ཆུང”གིས་གྲོང་གསེབ་དར་སྤེལ་ལ་བགྲོད་ལམ་ཆེན་པོ་བཏོད།
2023.08.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་ལམ།    གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་མདོ་ལམ་གྱི་གདུང་མྱེ་སྒེའུ་སྡེ་བར་སོང་བ་དང་། སྐྱེ་དགུ་མདོ་ལམ་བརྒྱུད་ནས་དྭངས་གཙང་གྲལ་དག་གི་སྡེ་བའི་སྲང་ལམ་དུ་འགྲོ་སྐབས། བརྩེགས་མ་གཉིས་གསུམ་ཅན་གྱི་སྡོད་ཁང་དག་གྲལ་ཕྲེང་བསྒྲིགས་ཤིང་ཁྱིམ་ཚང་རེ་རེའི་སྒོ་ཁར་རླངས་འཁོར་ཆུང་ཆུང་རེ་ཡོད་པ་དང་། ཁྱིམ་ཚང་རེ་རེའི་ར་སྐོར་ནང་དུ་མེ་ཏོག་དང་སྔོ་ཚོད་བཏབ་ཡོད་པས། སྡེ་མི་རྣམས་ཀྱིས་འཚོ་བ་སྐྱིད་པོ་རོལ་བཞིན་པའི་རྣམ་པ་ཞིག་ཤར་འདུག

མིག་མདུན་གྱི་རྣམ་པ་དེ་མཐོང་རྗེས། སྔོན་ཆད་ཀྱི་གདུང་མྱེ་སྒེའུ་སྡེ་བ་ནི་དབུལ་ཕོངས་མི་འབོར་གྱིས་སྡེ་བའི་ཕྱེད་ཀའི་ཡན་ཟིན་ཞིང་། སྡེ་མི་མང་ཆེ་བས་ཞིང་འདེབས་པ་དང་ནོར་འཚོ་བ། མ་མཐའི་འཚོ་རྟེན་གྱི་ཁ་གསབ་བཅས་ལ་བརྟེན་ནས་འཚོ་བ་རོལ་ཐབས་བྱས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་ཡིད་ལའང་དྲན་མི་སྲིད།

2016ལོར། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་སྲིད་ཇུས་ཀྱི་དཔྱིད་རླུང་ལ་བརྟེན་ནས། གདུང་མྱེ་སྒེའུ་སྡེ་བས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ གྲབས་གསོག་བྱས་ཏེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་གདུང་མྱེ་ཆུ་ཁ་རུ་ཁང་མིག་བཅུ་དྲུག་ལས་པ་དང་དེའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ལྔ་བརྒྱ་དང་བཞི་བཅུ་ཡོད། དེ་ནི་གྲོང་ཁྱེར་དཀྱིལ་དབུས་དང་ཐག་ཉེ་ཞིང་གནས་ཡུལ་ལེགས་པས་ཚོང་པ་མང་པོ་ཞིག་གིས་མྱུར་དུ་ཁང་པ་དེ་དག་གླས་སོང་། དེ་ནས་བཟུང་། ལོ་རེའི་ཁང་གླའི་ཡོང་སྒོ་ཧ་ཅང་བཟང་ཞིང་སྡེ་མི་རྣམས་ལ་བརྟན་བརླིང་གི་ཁེ་སྤོགས་ཡོང་སྒོ་ཞིག་ཡོད་པར་གྱུར།

ལོ་གསུམ་གྱི་སྔོན་ལ། གདུང་མྱེ་སྒེའུ་སྡེ་བས་ཡུས་ཧྲུའུ་གྲོང་ཁྱེར་དབུལ་སྐྱོར་ཅུའུ་ཡི་རོགས་སྐྱོར་འོག ཐུན་མོང་དུ་དབང་བའི་ཚོང་ཁང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ་བདུན་བརྒྱ་དང་ཉི་ཤུ་རུ་རྒྱ་བསྐྱེད་པ་དང་། ཚོང་ཁང་གི་ལྟག་ར་གཞན་ལ་གླས་ཏེ་ཡུས་ཧྲུའུ་ཁུལ་གྱི་རླངས་འཁོར་རྙིང་པའི་ཉོ་འཚོང་ཚོང་ར་རུ་བསྒྱུར་བར་ལོ་རེར་གླ་རིན་སྒོར་ཁྲི་གཉིས་ནས་ཁྲི་གསུམ་ཡོད་པས། སྡེ་བ་ཐུན་མོང་གི་སྤྱིའི་ཡོང་སྒོ་སྒོར་མོ་འབུམ་བདུན་དང་ཁྲི་བདུན་ལ་སླེབས།

བསོད་ནམས་ལྷ་བ་ཚང་ནི་གདུང་མྱེ་སྒེའུ་སྡེ་བའི་མ་མཐའི་འགན་སྲུང་ཁྱིམ་ཚང་ཞིག་ཡིན་ལ། ཁྱིམ་དུ་བྱིས་པ་གཉིས་ཡོད། སྔོན་ཆད་བཟའ་མི་གསུམ་པོས་གཙོ་བོ་མ་མཐའི་འགན་སྲུང་གི་ཁ་གསབ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཡུས་ཧྲུའུ་ཁུལ་རླངས་འཁོར་རྙིང་པའི་ཉོ་འཚོང་ཚོང་ར་ལས་ནས་གྲུབ་རྗེས། སྡེ་བའི་ལས་བྱེད་པས་མཚམས་སྦྱོར་འོག བསོད་ནམས་ལྷ་བ་ཚོང་ཁྲོམ་གྱི་སྒོ་སྲུང་པ་དང་གཙང་སྦྲ་བར་གྱུར་པས་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར།

དེ་ལྟ་བུའི་དོན་བཟང་བསོད་ནམས་ལྷ་བ་ཁོ་ནའི་སྟེང་དུ་བྱུང་བ་མིན། སྡེ་བ་དེའི་སྐལ་བཟང་ལྷ་བས་ཚོང་གཉེར་བྱེད་འདོད་ཡོད་ལ། ན་ནིང་མོས་ཀྲུང་གོ་ཞིང་ལས་དངུལ་ཁང་ཡུས་ཧྲུའུ་གྲོང་ཁྱེར་ཡན་ལག་དངུལ་ཁང་དུ“སྒོར་མོ་འབུམ་གཉིས་ཀྱི་དམངས་ཕྱུག་དབུལ་བུན”གྱི་རེ་འདུན་ཞུས། ཉིན་འགའི་སྔོན་དུ། གདུང་མྱེ་ཆུ་ཁ་རུ་ཚོང་ཁང་ཞིག་གླ་རྒྱུ་ཡོད་པའི་གནས་ཚུལ་ཐོས་མ་ཐག་མྱུར་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཚོང་ཁང་གླ་བའི་གན་རྒྱ་བཞག

“ཚང་མའི་ཚོང་བྲིན་བཞིན་པ་རིག་རྗེས། ངས་ཀྱང་ཁང་མིག་གཅིག་གླས་ནས་གྱོན་ཆས་བཙོང་འདོད་སྐྱེས”ཞེས་སྐལ་བཟང་ལྷ་བས་དགའ་སྤྲོའི་ངང་དེ་ལྟར་བཤད། དངུལ་བུན་གྱི་སྐྱེད་ཀ་དམའ་ཞིང་ཚོང་ཁང་གི་གནས་ཡུལ་ལེགས་པས། མོས་གཞི་ནས་རང་ཉིད་ཀྱིས་ཡུན་རིང་བོར་བསམ་པའི་གྱོན་ཆས་འཚོང་འདོད་ཀྱི་འདུན་མ་དེ་ལག་བསྟར་བྱས།

ཡུས་ཧྲུའུ་གསར་པའི་ཉོ་འཚོང་མཁར་གྱི་ས་འོག་གི་ཁང་པ་དང་།  གཙང་གསུམ་འབྱུང་ཡུལ་ཉོ་འཚོང་མཁར་གྱི་ཁེར་ཐོག་ཤར་ངོས་ཀྱི་གྱོན་ཆས་ཚོང་ཁང་། སྐྱེ་དགུ་སྣ་འཛོམས་ཉོ་འཚོང་མཁར་གྱི་ལྟག་རྒྱབ་ཀྱི་ཚོང་ཁང་སོགས་གདུང་མྱེ་སྒེའུ་སྡེ་བའི་ཚོང་ཁང་ཆུང་ཆུང་དག་ཡུས་ཧྲུའུ་སྲང་ལམ་གྱི་ག་ས་གང་དུ་ཁྱབ་ཡོད།

“ལོ་འདི་འགའི་རིང་ལ། ཏང་གི་སྲིད་ཟུས་བཟང་པོར་བརྟེན་ནས་སྡེ་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བཞིན་ཡོད། ཚོང་ཁང་གཉེར་བ་ལས་གཞན་ང་ཚོས་ད་རུང་ཐོན་ལས་གཞན་པའང་གཉེར་དགོས། དཔེར་ན་སྔོན་ཆད་ཡོད་པའི་ཕྱུགས་ལས་མཉམ་ལས་ཁང་གི་རྨང་གཞིའི་སྟེང་དུ། མ་རྐང་ལུགས་སུ་བཅོས་བསྒྱུར་བྱས་ཡོད་པས་ལོ་མཇུག་ཏུ་ཁེ་སྤོགས་བགོས་ཆོག དེ་ལས་གཞན། ཁྱིམ་ཚང་མགྲོན་ཁང་འགན་ལེན་བྱེད་པ་དང་དམངས་ཁྱིམ་མགྲོན་ཁང་གོང་འཕེལ་དུ་བཏང་ན། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མཐོར་གཏོང་ཐུབ”ཅེས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ད་ལོའི་འཆར་གཞི་གླེང་དུས། གདུང་མྱེ་སྒེའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཐུབ་རྡོ་ལ་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད།

ལྟོས་དང་། ཚོང་ཁང་རེ་རེ་ནས་མགོ་བརྩམས་ཏེ། ད་ལྟ་གདུང་མྱེ་སྒེའུ་སྡེ་བ་གྲོང་གསེབ་དར་སྤེལ་གྱི་ལམ་དུ་ཆས་ཟིན་ལ། ཁོ་ཚོའི་བགྲོད་ལམ་ཇེ་ཡངས་དང་ཇེ་བཟང་དུ་འགྲོ་སྲིད།

                                                                          

རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།