རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མུ་མཐུད་དུ་སླར་གསོ་བྱུང་།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་དང་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་མཐོར་འདེགས་བྱུང་ནས། གསའ་དང་གཙོད་སོགས་གཙོ་གནད་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་དང་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད།

ཟླ་བརྒྱད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། སྐྱེ་དངོས་ཡོད་ཚད་མཉམ་འཚོ་མཉམ་གནས་ཀྱིས་ཐམས་ཅད་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། གསའ་ཞིག་གིས་གསའ་ཕྲུག་ཁྲིད་ནས་གཟན་རྔོན་པའི་ནུས་རྩལ་སྦྱངས་བཞིན་ཡོད་པ་དང་། གཙོད་ཁྱུ་དང་གཙོད་ཕྲུག་སོགས་གནས་སྤོར་བའི་ལམ་དུ་ཆས་ནས། མ་བུ་མཉམ་འགྲོགས་ཀྱིས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད། གནའ་བོའི་ཡུལ་གྲུ་འདིའི་ཡུལ་ཀླུང་ཀུན་ཏུ་སྲོག་ཆགས་རྒྱལ་ཁམས་ཀྱི་རྣམ་ཤེས་དང་གསོན་ཤུགས་ཀྱི་གཏམས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཝང་ཞང་ཀོ་ཡིས་བཤད་རྒྱུར། ལོ་ངོ་དུ་མའི་རིང་ལ་སྲུང་སྐྱོབ་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་དང་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད་པ་དང་། སྔོན་ཆད་མཐོང་དཀོན་པའི་གསའ་དང་གཟིག་སོགས་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ཡང་དང་བསྐྱར་དུ་མིག་ལམ་དུ་མངོན་ཐུབ་ལ། གསའ་དང་གཙོད་སོགས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་གྱིས་སླར་གསོ་བྱུང་ཡོད།

སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཅུ་དགུ་ལྷག་ཡོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་ཡོད་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན། གནས་འདི་ནི་ཀྲུང་ཧྭའི་ཆུ་མཛོད་ཡིན་པ་མ་ཟད་མཐོ་སྒང་གི་གྲང་ངར་ཆེ་བའི་སྐྱེ་དངོས་རིགས་རྒྱུད་གྱི་ཐོན་ཁུངས་མཛོད་ཡིན།

གསའ་དང་གཙོད་སོགས་ལ་སྲུང་སྐྱོབ་བྱེད་པ་ལས་མཚོན་པའི་རི་སྐྱེས་སྲོག་ཆགས་དང་དེའི་ངལ་གསོ་སར་གཙོ་གནད་སྲུང་སྐྱོབ་བྱེད་པའི་ཐད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་འཚོལ་ཞིབ་དང་གསར་སྐྲུན་མང་པོ་བྱས་ཡོད། ལམ་ལུགས་ཚོད་ལྟ་ནས་མགོ་བརྩམས་ཏེ། རྒྱལ་ཁབ་སྤྱི་གླིང་ཐོག་མའི་ས་གནས་ཁྲིམས་འཛུགས་ཀྱི་གཏན་འཁེལ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འཆར་འགོད་གང་ཡིན་རུང་། རི་སྐྱེས་སྲོག་ཆགས་དང་དེའི་ངལ་གསོ་སར་སྲུང་སྐྱོབ་བྱེད་པ་ཡོད་ཚད་ལ་རྩེ་རིམ་ཇུས་འགོད་བཀོད་སྒྲིག་བྱས་ཡོད།

མིག་སྔར། ལྐོག་རྔོན་ལས་གྲངས་ཀ་ཇེ་ཉུང་དུ་སོང་བའི་རི་དྭགས་གཙོད་ནི་སྔོན་ཆད་ཁྲི་གཉིས་ཙམ་ཡང་མེད་པ་ནས་ད་ལྟ་ཁྲི་བདུན་ལྷག་ལ་སླར་གསོ་བྱུང་བ་དང་། གསའ་ཡི་གྲངས་ཀ་ཡང་སྟོང་གཅིག་དང་ཉིས་བརྒྱ་ལས་བརྒལ་ཡོད། ཝང་ཞང་ཀོ་ཡིས་བཤད་རྒྱུར། འདི་དག་ཚང་མ་རྒྱུན་མཐུད་དང་ཤུགས་ཆེན་པོས་སྲུང་སྐྱོབ་བྱས་པ་ལས་ཐོབ་པའི་འབྲས་བུ་ཡིན་ཟེར།

ལོ་ངོ་མང་པོའི་རིང་། གཞི་ཁྱོན་ཆེ་བ་དང་། ཞིབ་ཚགས། ཐེངས་གྲངས་མང་པོས་ཆེད་དམིགས་བསྐོར་ཞིབ་བྱ་འགུལ་སྤེལ་བ་ལས་ཨ་ཆེན་གངས་རྒྱབ་ཀྱི་ཁྲིམས་འགལ་བྱ་འགུལ་ཡོད་ཚད་ལ་རྡུང་རྡེག་ནན་མོ་ཐེབས་ཡོད། ལོ་རེའི་ཟླ་ལྔ་པ་ནས་བཟུང་། གཙོད་མང་པོ་གཙོད་ཕྲུག་བཙའ་སར་གནས་སྤོར་དང་ཕྱིར་འགྲོ་སྐབས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་དུས་ཡུན་ཐུང་ངུའི་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ། གཙོད་ཁྱུ་གནས་སྤོར་ལ་བདེ་འཇགས་ཀྱི་བགྲོད་ལམ་བཙུགས་ནས་མིའི་རིགས་ཀྱི་བྱ་འགུལ་ཀྱིས་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ཡོད།

ཆ་སྙོམས་མཚོ་འཕང་ལ་སྨི་སྟོང་བཞི་དང་བདུན་བརྒྱ་བཅུ་གཉིས་ལྷག་ཡོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་འཛམ་གླིང་སྟེང་མཚོ་འཕང་ཆེས་མཐོ་བའི་རྒྱལ་ཁབ་སྤྱི་གླིང་ཞིག་ཡིན། ས་འདིར་རི་ཚོགས་ཀྱིས་བསྐོར་ཞིང་གངས་རི་ཀྲོང་ངེར་འགྱིངས་ཡོད། འཛམ་གླིང་སྟེང་མཚོ་འཕང་ཆེས་མཐོ་བའི་རི་སྐྱེས་སྲོག་ཆགས་རིགས་ཡིན་པའི་ཆ་ནས། གསའ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེས་གལ་ཆེ་བའི་རི་སྐྱེས་སྲོག་ཆགས་རིགས་ཤིག་ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་ལི་ཅུན་གྱིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་སྐྱེ་ཁམས་ལྟ་སྐྱོང་བ་ནི་གཙོ་གཞི་ཡིན་པ། སྤྱི་ཚོགས་སྟོབས་ཤུགས་རྒྱ་ཆེར་ཞུགས་པའི་གསའ་ཞིབ་འཇུག་དང་སྲུང་སྐྱོབ་ཀྱི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད་ཟེར།

དཔེར་ན། འབྲི་ཆུའི་འགོ་ཁུངས་ཆུ་དམར་ལེབ་དོ་དམ་ཁྲུའུ་རུ་སྐྱེ་ཁམས་དོ་དམ་ལྟ་སྲུང་མི་སྣས་གྲུབ་པའི་ལྷད་མེད་གཙང་བའི་འགོ་ཁུངས་ཀྱི་གསའ་ལྟ་ཞིབ་ཚད་ལེན་རུ་ཁག་ཅིག་བཙུགས་ཡོད་པ་དང་། ལོ་ལྔའི་རིང་ལ་གསའ་བདུན་ཅུ་ལྷག་ཞིབ་བཤེར་ཚད་ལེན་བྱེད་ཐུབ་ཡོད། འབྲི་ཆུའི་འགོ་ཁུངས་འབྲི་སྟོད་དོ་དམ་ཁྲུའུ་ཡི་འཇིགས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ས་ཚིགས་སུ་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ལས་གཞན། ད་དུང་འཇིགས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་གཞན་པར་ཡང་ཚད་ལེན་བྱེད་བཞིན་ཡོད།

ལོ་ན་ཉེར་དགུ་ལ་སོན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་སྡེ་མི་སངས་འབྲུག་ནི་རང་བྱུང་ཉམས་ཞིབ་སྣེ་ཤན་པ་དང་རླངས་འཁོར་ཁ་ལོ་བ་ཞིག་རེད། ཁོས་བཤད་རྒྱུར། ད་ལྟ་ཡུལ་སྐོར་བ་ཁྲིད་དེ་རི་འགོར་སོང་ན། རྒྱང་མཐོང་དང་། པར་ཆས་བཟུང་ཡོད་པས། གསའ་མཐོང་ཐུབ་པ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་དང་། རྣམ་སྲས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་གསའ་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཇེ་མང་དུ་འགྲོ་བཞིན་པའང་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།

ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་ལེགས་འགྲུབ་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་མཐིལ་རྟོགས་བརྟག་བཤེར་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཆེས་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་ཉར་ཚགས་བྱས་པ་དང་། གསའ་འདུས་པའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གི་ངལ་གསོ་ས་ཇེ་ཆུང་དུ་འགྲོ་བའི་རྣམ་པ་འཐུས་སྒོ་ཚང་པའི་སྒོ་ནས་རིམ་བཞིན་ཇེ་བཟང་དུ་གྱུར་ཡོད།

མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་ཀྲའོ་ཞིན་ཆོན་གྱིས་བཤད་རྒྱུར། བརྟག་བཤེར་ཚད་ལེན་གཞི་གྲངས་མང་པོ་ལས་མངོན་པ་ལྟར་ན། གསའ་ཡིས་མཚོན་པའི་རི་སྐྱེས་སྲོག་ཆགས་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཕན་ནུས་ལྡན་པའི་སྲུང་སྐྱོབ་ཐོབ་ཡོད། འདི་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བོར་བརླག་དང་དངོས་རིགས་སྟོངས་ཉམས་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག་དེ་བས་ཐོབ་དཀའ་བ་དང་རྩ་ཆེན་དུ་གྱུར་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།