ལ་མོ་སྡེ་བའི་སིལ་ཏོག་ཅུ་ལི་སྨིན་སོང་།
2023.09.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ལ་མོ་སྡེ་བའི་སྡེ་མིས་སིལ་ཏོག་བཏོག་བཞིན་པ།

“ལ་མོ་སྡེ་བ་ནི་སའི་གོ་ལའི་འཕྲེད་ཐིག་བྱང་མའི་ཏུའུ་གྲངས35དང་མཚོ་འཕགས་སྨི2000ཡོད་པའི་མཚོ་བོད་མཐོ་སྒང་གི་རྨ་ཆུའི་གྲོག་རོང་སྟེ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་རུ་ཡོད། སྡེ་བ་ཐུན་མོང་གི་དམངས་ཕྱུག་ཐོན་ལས་ཡིན་པའི་སྔོ་ཁམ་དང་སིལ་ཏོག་ཅུ་ལི་སོགས་སེམས་ཞིབ་མོས་གསོ་སྐྱོང་དང་སྤུས་མཚག་ལ་འགན་སྲུང་བྱས་པར་བརྟེན་ནས་ད་ལྟ་ཕྱིར་བཙོང་གི་སྐབས་སུ་ཁེལ་ཡོད་པས། ཀུན་གྱིས་ཉོས་ནས་བྲོ་བ་མྱོང་བར་དགའ་བསུ་ཞུ”ཞེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དབྱང་ཀྲི་ཀང་གི་སྐད་འཕྲིན་དུ་མཐོང་མ་ཐག་ཏུ་འགྲམ་ཆུ་ལྡང་བའི་སིལ་ཏོག་གི་འདྲ་པར་བཀྲམ་ཡོད་པ་གསར་འགོད་པས་མཐོང་།

སྣང་ར་ཡུལ་ཚོ་ལ་མོ་སྡེ་བས་སིལ་སྡོང་བཙུགས་ཏེ་དམངས་ཕྱུག་ཐོན་ལས་བསྐྲུན་པ་དེ་གླེང་ན་ལོ5ཡི་སྔོན་ནས་བཤད་དགོས། “ལ་མོ་སྡེ་བ་རྨ་ཆུའི་ནུབ་འགྲམ་དུ་ཆགས་ཤིང་མཐའ་གསུམ་རི་བོས་བསྐོར་ཡོད་པས་དྲོད་འཇམ་ལྡན་ཞིང་བརླན་ཆེ་བའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཁྱད་ཆོད་ལྡན། ཕལ་ཆེར་ཁྱིམ་ཚང་རེ་རེར་སིལ་སྡོང་ཡོད་པ་དང་། ཉི་འོད་འཕྲོ་ཡུན་རིང་བས་སིལ་ཏོག་ཤིན་ཏུ་ཞིམ། སིལ་སྡོང་རང་རང་ས་ནས་བཙུགས་ན་གྲུབ་འབྲས་ཅི་ཡང་མི་ལོན་པས། སིལ་སྡོང་འཛུགས་པ་དེ་ཐོན་ལས་ཤིག་ཏུ་བསྒྱུར་ནའང་མི་ཆོག་རྒྱུ་ཅི་ཡོད་སྙམ་སྟེ་གཅིག་བསྡུས་ཀྱིས་དོ་དམ་བྱས་པར་སྡེ་བ་ཐུན་མོང་གི་དཔལ་འབྱོར་ཐོན་ལས་གྲུབ་ཅིང་། སྡེ་མི་རྣམས་ཀྱིས་མ་རྐང་བཞག་སྟེ་ཁེ་སྤོགས་བགོ་རྒྱུ་ཡོད་པར་གྱུར”ཞེས་དབྱང་ཀྲི་ཀང་གིས་ཐོན་ལས་འཕེལ་རྒྱས་གཏོང་སྐབས་ཀྱི་རྣམ་པ་དེ་ཕྱིར་དྲན་བྱས་ཏེ་དེ་ལྟར་བཤད།

ལ་མོ་སྡེ་བ་ནི་གནས་སྤོར་སྡེ་བ་ཞིག་ཡིན་ལ། དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཚང་མར་དོགས་གཞི་ཞིག་ཡོད་པ་ནི། སིལ་སྡོང་བཙུགས་ན་སྒོར་མོ་བཙལ་ཐུབ་མིན་དེ་ཡིན། “ང་ཚོས་ཐོག་མར་རི་རྒོད་ལ་རྒོད་ཐོན་ཁུངས་སུ་བསྒྱུར་ནས་སིལ་སྡོང་བཙུགས་པ་ཡིན། དེའི་རྗེས་སུ་སྡེ་མི་རྣམས་ལ་ས་ཞིང་མ་རྐང་དུ་འཇོག་ཏུ་བཅུག་པས། ཁྱིམ་ཚང་འགའ་ནས་ཁྱིམ་ཚང་བཅུ་ཁ་རུ་འཕར་ཏེ་ཁེ་སྤོགས་ཐོབ་པའི་སྡེ་མི་ཇེ་མང་ནས་ཇེ་མང་དུ་གྱུར། ད་ལྟ་ལ་མོ་སྡེ་བའི་སྡེ་བ་གང་བོས་མ་རྐང་བཞག་ཡོད”ཅེས་ལ་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གྲགས་པ་ཡིས་དེ་ལྟར་བཤད། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་མཁན་ཞིག་ཡིན་པའི་ཁོ་ལའང་དོགས་གཞི་དང་སེམས་ཚགས་མང་པོ་ཡོད་མོད། འོན་ཀྱང་ཚང་མ་དང་མཉམ་དུ་སིལ་སྡོང་འཛུགས་པའི་ལག་རྩལ་དང་སྡོང་ཕྲུག་འདེབས་པའི་ལག་རྩལ་སྦྱངས་ནས་སིལ་སྡོང་རེ་རེའི་སྐྱེས་སྟོབས་ལེགས་པ་མཐོང་རྗེས། ཁོ་ལའང་ཡིད་ཆེས་ཀྱིས་ཁེངས་ནས་ཚང་མར་སྣེ་ཁྲིད་དེ་མཉམ་དུ་ལས་ཤིང་མཉམ་དུ་ཕྱུག་འགྱུར་བྱེད་རྒྱུའི་ཆོད་སེམས་སྐྱེས།

མིག་སྔར། ལ་མོ་སྡེ་བར་བསྡོམས་པས་སྤྱི་ཆིང་བཅུ་གསུམ་གྱི་སིལ་ར་ཡོད་ལ། ད་ལོ་ནི་སིལ་ཏོག་སྨིན་ནས་ཚོང་རར་བཙོང་བའི་ལོ་དང་པོ་རེད། “སྡོང་མགོའི་ཁམ་བུ་དང་སྔོ་ཁམ། ད་རུང་སྣ་ཁ་གསར་པའི་སིལ་ཏོག་ཅུ་ལི་རིག་ན་སེམས་སུ་དགའ་སྤྲོ་སྐྱེས་པ་ཞིག་རེད། ད་ལོ་ང་ཚོའི་སིལ་ཏོག་ཚང་མ་སྨིན་ཡོད་པས་ཡོང་སྒོ་བཟང་པོ་ལོན་ཁོ་ཐག་ཡིན”ཞེས་ལོ37ལ་སོན་པའི་བསོད་ནམས་སྒྲོལ་མས་སིལ་ཏོག་བཏོག་ཞོར་དུ་དེ་ལྟར་བཤད། ཁོ་མོར་སིལ་རའི་ནང་དུ་སིལ་ཏོག་བཏོག་པའི་བྱ་བ་ཡོད་པར་མ་ཟད་སིལ་ཏོག་ཐོན་ལས་ལས་ཡོང་སྒོ་ཐོབ་ཡོད།

“ཚོད་དཔག་བྱས་ན། ད་ལོའི་སིལ་ཏོག་ཐོན་ཚད་ཏུན50ལ་སླེབས་སྲིད། ཁམ་བུ་དང་སྔོ་ཁམ། ཡུལ་སིལ་ཚང་མ་བཙོང་བཞིན་ཡོད། མཚོ་སྔོན་རང་ཡུལ་གྱི་ཅུ་ལིའང་ཚོང་རར་བཙོང་རྒྱུ་ཡིན། མིག་སྔར་གྱི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ན། ཡུལ་ཚོ་ཡོངས་སུ་སིལ་ཏོག་ཐོན་ལས་ཀྱི་འཕེལ་རྒྱས་སྦས་ཤུགས་ཡོད་པའི་སྡེ་བ་ད་རུང་གསུམ་ཡོད། ཐོན་ལས་འདིས་སྡེ་མི་རྣམས་ལ་ཡོང་སྒོ་དགའ་འོས་པ་ཞིག་བསྐྲུན་ཐུབ་ཁོ་ཐག་ཡིན”ཞེས་དབྱང་ཀྲི་ཀང་གིས་རྗེས་ཕྱོགས་ཀྱི་སིལ་ཏོག་ཅུ་ལི་ཇི་ལྟར་ལས་སྣོན་བྱེད་རྒྱུའི་ཐད་བསམ་བློ་གཏོང་ཞོར་དེ་ལྟར་བཤད།

སྣང་ར་ཡུལ་ཚོ་ལ་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་འབེན་ཡོད་ལ། ལ་མོ་སྡེ་བར་འཆར་གཞི་ཡོད་པས་སྡེ་མི་རྣམས་མ་རྐང་དུ་ཞུགས་ན་ཁེ་སྤོགས་བགོ་ཐུབ་པའི་རེ་བ་ཡོད། གྲགས་པ་དང་སྡེ་མི་རྣམས་ཀྱིས་རྩིས་བརྒྱབ་པ་ལྟར་ན། ལོ་དང་པོ་ནི་འཛུགས་སྐྲུན་གྱི་ལོ་ཡིན་པས་ས་ཞིང་སྙོམས་པ་དང་སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ། རྩྭ་ལྡུམ་འབལ་བ་སོགས་ཀྱི་ལས་ཀ་ཡོད། ལས་ཀ་ལས་པ་སྒོར་མོར་བཀུག་ན་སྡེ་མིའི་ལོ་གཅིག་གི་ཡོང་སྒོ་ཧ་ལམ་སྒོར་འབུམ་གཅིག་ལ་སླེབས་ཐུབ་པ་དང་། ལོ་གཉིས་པ་དང་གསུམ་པ་ནི་ལྟ་སྲུང་གི་ལོ་ཡིན། སྡེ་མི་རྣམས་ཀྱི་ཡོང་སྒོ་ཧ་ལམ་སྒོར་ཁྲི་བརྒྱད་འཕར་ཐུབ། འཆར་གཞི་ལྟར་སིལ་སྡོང་བཙུགས་པ་དང་། སིལ་ཏོག་ཐོགས་མོད་པའི་ལོའི་དཔལ་འབྱོར་ཐོན་རིན་སྒོར་ས་ཡ་གཉིས་དང་ཁྲི་བརྒྱད་སྟོང་གསུམ་ལྷག་ལ་སླེབས་པས། ཚང་མའི་ཡོང་སྒོ་ཐད་ཀར་ཇེ་མཐོར་གཏོང་ཐུབ་པར་མ་ཟད་ད་རུང་ཡུལ་ཁོངས་ཀྱི་ཡུལ་སྐོར་དང་སྐྱེལ་འདྲེན། སིལ་ཏོག་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱལ་ལའང་སྣེ་ཁྲིད་བྱེད་ཐུབ་པས་དཔལ་འབྱོར་གྱི་ཕན་འབྲས་མཐོན་པོ་ལྡན།

“ཧུར་ཐག་གིས་བསྒྲུབས་ན་ད་གཟོད་མཚོ་སྔོན་གྱི་དགེ་མཚན་ཅུང་ལེགས་པོ་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཐུབ།” ལ་མོ་སྡེ་བའི་སིལ་སྡོང་འོག་ཏུ་སྡེ་མི་རྣམས་ཀྱིས་སིལ་ཏོག་བཏོག་ཞོར་དུ་ལོ་ལེགས་ཀྱི་སྤྲོ་བ་རོལ་མྱོང་བྱེད་བཞིན་འདུག སིལ་ཏོག་སྒམ་དང་སྒམ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་སྐྱེལ་བཞིན་འདུག “དྲ་སྦྲེལ་དང་ཕྱིར་བཙོང་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། ང་ཚོའི་སིལ་ཏོག་ཀྱང་རིམ་བཞིན་གཅན་ཚ་རྫོང་ནས་ཟི་ལིང་གྲོང་ཁྱེར་དང་། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ། སི་ཁྲོན་དང་ཀོང་ཏུང་། ཧྥུ་ཅན་སོགས་ཀྱི་ས་ཆར་བཙོང་བཞིན་ཡོད་ལ། ཐ་ན་རྒྱལ་སྤྱིའི་ལམ་དུའང་ཆས་བཞིན་ཡོད”ཅེས་དཔལ་རྒྱལ་ལ་ཡིད་ཆེས་ཀྱིས་ཁེངས་འདུག་ལ། ལ་མོ་སྡེ་བའི་མང་ཚོགས་ལའང་ཡིད་ཆེས་ཀྱིས་ཁེངས་འདུག སྣང་ར་ཡུལ་ཚོའི་སིལ་སྡོང་ཁྱིམ་ཚང་ཆེན་པོ་རྣམས་ལའང་ཡིད་ཆེས་ཀྱིས་བརྟས་འདུག་པ་དང་། ལ་མོ་སྡེ་བའི་སིལ་ཏོག་ཅུ་ལི་སྨིན་ཡོད་ལ་སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།