མི་དམངས་ལ་དོན་དངོས་དང་དོན་བཟང་ཇི་ཙམ་སྒྲུབ་མིན་དེ་སྲིད་སྐྱོང་བྱས་འབྲས་ལ་དཔྱད་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་དགོས།
2023.09.04 ཁུངས། གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 10

 རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སེམས་ཁམས་སྐྱིད་པ། རྒས་དུས་བློ་སེམས་བདེ་བ་བཅས་ནི་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་བ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ལ་བཅངས་བའི་དམངས་ཚིས་དོན་ཆེན་ཞིག་ཀྱང་ཡིན།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིའི་ཁྲོད“རྒན་པའི་ལས་དོན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས”ཞེས་བཏོན་པ་དེས།   སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་མི་གྲངས་རྒན་པ་ཅན་ལ་ཁ་གཏད་ལེགས་པོ་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་གལ་འགངས་ཆེ་ལ་དོན་སྙིང་ཟབ་མོ་ལྡན་ཡོད།

རྒན་པ་རྣམས་ཀྱི་ཕྱོགས་མང་པོའི་དགོས་མཁོ་བསྐངས་ནས་རྒན་པ་རྣམས་བདེ་ཞིང་སྐྱིད་པའི་ཚེ་མཇུག་ལ་རོལ་ཐུབ་པར་བྱེད་རྒྱུ་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཡིན”ཞེས2021ལོའི་ཟླ8ཚེས24ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཁྲིན་ཏི་གྲོང་ཁྱེར་མཐོ་གསར་ཁུལ་པིན་ཧོ་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་གཟིགས་ཞིབ་མཛད་སྐབས་ནན་བཤད་གནང་བ་རེད།

མི་དམངས་མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་ལས་དོན་ཞིག་ཡིན་ཚེ། དཀའ་ཚེགས་ཇི་ཙམ་ཆེ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་།  མི་དམངས་མང་ཚོགས་ཀྱིས་དགའ་བསུ་མི་བྱེད་པའི་ལས་དོན་ཞིག་ཡིན་ཚེ་གཏན་ནས་བྱེད་མི་རུང”ཞེས་པ་དེ་ནི་ཆབ་སྲིད་ཀྱི་ཁྲིད་ཕྱོགས་གསལ་པོ་ཞིག་ཡིན་ལ། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཞིག་ཀྱང་ཡིན།   2015ལོའི་ཟླ་དང་པོར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་སྐབས“ལས་སྒྲུབ་དང་བྱ་གཞག་གསར་གཏོད་བྱེད་པར་ངེས་པར་དུ་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བཙུགས་ནས།  དམངས་ཀྱིས་དགའ་བསུ་བྱེད་པའི་བྱ་བ་དར་སྤེལ་གཏོང་བ་དང་དམངས་ཀྱིས་སུན་སྣང་བྱེད་པའི་བྱ་བ་བཀག་འགོག་བྱེད་དགོས”ཞེས་ནན་བཤད་གནང་བ་ལྟ་བུ་རེད།

“དམངས་ཀྱིས་དགའ་བསུ་བྱེད་པ”དར་སྤེལ་བཏང་ནས་མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩི་དགོས།

“ང་ཚོའི་མི་དམངས་རྣམས་འཚོ་བར་དགའ་ཞེན་ཆེ་བས་སྔར་ལས་ལེགས་པའི་སློབ་གསོ་དང་།  སྔར་ལས་བརྟན་པའི་ལས་ཞུགས།   སྔར་ལས་ཡིད་ཚིམ་པའི་ཡོང་འབབ།  སྔར་ལས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་།  སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུ།  སྔར་ལས་ལེགས་པའི་སྡོད་ཁང་ཆ་རྐྱེན།  སྔར་ལས་མཛེས་པའི་ཁོར་ཡུག་བཅས་ཡོད་པར་བྱེད་ཀྱིན་ཡོད་ལ།  བྱིས་པ་རྣམས་སྔར་ལས་འཚར་ལོངས་ཡག་པོ་འབྱུང་བ་དང་། བྱ་བ་སྔར་ལས་ཡག་པོ་སྒྲུབ་པ།  སྔར་ལས་སྐྱིད་པའི་འཚོ་བ་རོལ་ཐུབ་པ་བཅས་ཀྱི་རེ་བ་ཡང་བྱེད་ཀྱིན་ཡོད”ཅེས་སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ སྔར་ལས”ཞེས་པའི་ཡིག་འབྲུ10གསུངས་ནས་མི་དམངས་ཀྱི་རེ་སྒུག་མཚོན་པར་བྱས་ཡོད།

ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་གཏོང་བ།  གཞུང་གཉེར་སྨན་ཁང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ།   དམངས་ཚིས་ཚོང་ཟོག་གལ་ཆེན་གྱི་རིན་གོང་སྙོམས་སྒྲིག་བྱེད་པ། “གསང་སྤྱོད་གསར་བརྗེ”དང་གད་སྙིགས་རིགས་དབྱེ་སོགས་དུས་རབས་གསར་པའི་ལོ་བཅུའི་རིང་དམངས་ཚིས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་གནས་ཚུལ་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་རེ་རེ་བཞིན་ལེགས་བསྒྲུབས་གནང་ཡོད།

“མང་ཚོགས་ལ་དོན་དངོས་དང་དོན་བཟང་ཇི་ཙམ་སྒྲུབ་མིན་དེ་སྲིད་སྐྱོང་བྱས་འབྲས་ལ་དཔྱད་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་བ”དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་པས། ལོ་འདི་དག་གི་རིང་ལ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་འཐུས་ཚང་དང་།  སྔར་ལས་འགན་ལེན།   སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།

“མི་དམངས་ཀྱི་སེམས་ཁྲལ”སེལ་ནས་མང་ཚོགས་ཀྱིས་ངོ་རྒོལ་དང་སྡང་སེམས་བྱེད་པའི་རིགས་ལ་མཐའ་གཅིག་ཏུ་དོགས་ཟོན་དང་ཡོ་བསྲང་བྱེད་དགོས།

“ངན་ནག་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་དུག་སྐྲན་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་གཏོང་བཞིན་ཡོད་པར་མ་ཟད།   ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་གཏོང་བཞིན་ཡོད”།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་རྗེས།  ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་ཤུགས་སྔ་ན་མེད་པ་ཞིག་གི་ཐོག་ནས་ངན་ནག་སྟོབས་ཤུགས་མེད་པར་བཟོས་པས།  གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ”ནས“ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་ལྡན་ངང་སྤེལ་བའི”བར་དང་།  དེ་ནས“རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར”གྱི་བར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ ངན་ནག་སྟོབས་ཤུགས་དང་དེའི་རྒྱབ་རྩར་མཐའ་གཅིག་ཏུ་རྡུང་རྡེག་བཏང་སྟེ།   མི་དམངས་ལ་ཡང་བསྐྱར་གནོད་འཚེ་མི་གཏོང་བ་བྱེད་དགོས”ཞེས་ནན་བཤད་གནང་བ་དེས།  ཅི་ཞིག་ལ“དམངས་ཀྱིས་སུན་སྣང་བྱེད་པའི་བྱ་བ”ཞེས་བརྗོད་པར་འགྲེལ་བཤད་གཏིང་ཟབ་གནང་ཡོད།

“སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་མདུན་ལམ་དང་ལས་དབང་དེ་མིའི་བློ་ཁ་གཏད་མིན་ལ་རག་ལས་ཡོད། མི་དམངས་མང་ཚོགས་ཀྱིས་ངོ་རྒོལ་དང་སྡང་སེམས་བྱེད་རིགས་ལ་ང་ཚོས་དོགས་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས”།

“ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་བས། ཏང་སྲོལ་སྲིད་གཙང་ལ་རྣམ་པ་གསར་རྐྱང་མངོན་ཡོད། “མི་དམངས་མང་ཚོགས་ཀྱིས་རྒྱུན་པར་གླེང་བའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས”སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་སྟེ།   ནམ་མཁའ་སྔར་ལས་གཡའ་དག་པ་དང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་བ་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།

“ངས་ཚེ་གང་གི་སེམས་ཤུགས་དང་ཚེ་སྲོག་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ལ་དྲིན་ལན་འཇལ་རྒྱུ་དང་། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པ་དང་། རང་སྲོག་ཕངས་མེད། འཆི་བར་འཕྲད་ཀྱང་གནོང་འགྱོད་མེད”ཅེས་པའི་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ་དེ་ལས་གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་སེམས་མངོན་ཡོད།

དམངས་ཀྱི་ཆེད་དུ་སྲིད་དོན་སྐྱོང་བ་ལག་བསྟར་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ་གཞི་རྩའི་ཤན་འབྱེད་ཚད་གཞིར་བརྩི་དགོས།

“ང་ཚོའི་ལས་དོན་མཐའ་དག་གི་ཕན་འབྲས་ལ་དཔྱད་ཞིབ་བྱེད་པར་མི་དམངས་ལ་ཕན་འབྲས་དངོས་ཐོན་མིན་དང་། མི་དམངས་ཀྱི་འཚོ་བ་དངོས་གནས་ཇེ་ལེགས་སུ་ཕྱིན་མིན། མི་དམངས་ཀྱི་ཁེ་དབང་དངོས་གནས་འགན་ལེན་ཐུབ་མིན་བཅས་ལ་ལྟ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་རེད།

ཧི་པེ་ཀྲིན་ཏེན་དུ་ཕྱག་ལས་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་གནོན་ཤུགས་ཆེན་པོའི་འོག་ཉོ་སྒྲུབ་ཉུང་ཙམ་ལ་བརྟེན་ནས“ཐོན་ཚད་མཐོ་ཡང་རྫོང་དབུལ་པོ་ཡིན་པའི”ཞྭ་མོ་ཕུད་པ་དང་།   ཧྥུའུ་ཅན་དུ་ཞིང་པ་དང་གྲོགས་སྒྲིག་ནས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་པར་མང་ཚོགས་ཀྱིས“མི་དམངས་ཀྱི་ཧྲིན་ཀྲང”ཞེས་འབོད་ཀྱིན་ཡོད།  ཀྲེ་ཅང་དུ“སེམས་སུ་མི་དམངས་མེད་ན‘དཔོན་པོ’མིན་ཞེས་ནན་བཤད་གནང་བར་མང་ཚོགས་ཀྱིས“ཆུ་འཐུང་དུས་ཁྲོན་པ་བརྐོ་མཁན་བརྗེད་མི་རུང”ཞེས་ལན་བཏབ་ཡོད། ཧྲང་ཧའེ་རུ“མང་ཚོགས་ལ་འཕྲལ་མཁོ་ཆེ་བའི་བྱ་བ་མང་ཙམ་སྒྲུབ་པ་དང་། མང་ཚོགས་ལ་ཕན་ཁེ་ཐོབ་པའི་བྱ་བ་མང་ཙམ་སྒྲུབ་པ། རྨང་གཞི་འདིང་བའི་བྱ་བ་མང་ཙམ་སྒྲུབ་པ། ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ”སོགས་ཀྱི་བླང་བྱ་བཏོན་པ་རེད།

2022ལོའི་ཟླ10པར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་ནས་ཅང་མ་འགོར་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞིས་ཡན་ཨན་དུ་གཟིགས་ཞིབ་གནང་སྐབས“ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་ཡིན་པས། གུང་ཁྲན་ཏང་གིས་གཙོ་བོ་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་མི་དམངས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་པ་དེ་ཡིན”ཞེས་ནན་བཤད་གནང་བ་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།