རིག་གནས་ཀྱིས་ནང་སེམས་གསོས། དཔལ་ཡོན་གྱིས་སྲོལ་བཟང་བསྐྱངས།
2023.09.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

“ཧྲུའུ་ཅི་ཐེན་ལགས། ངེད་ཚང་གི་བུས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་སོང་། ཁྱེད་ཚོས་ལོ་འདི་གཉིས་ལ་ངེད་ཚང་གི་བྱིས་པར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ།”ཉེ་ལམ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཡུལ་ཚོ་ཡ་ག་སྡེ་བའི་སྡེ་མི་སྐལ་བཟང་རྒྱལ་གྱིས་དགའ་སྤྲོ་ཆེན་པོས་ཧྲུའུ་ཅི་དང་པོ་ཐེན་ཧའེ་ཆང་ལ་བཀའ་དྲིན་ཞུས།

ད་ལོ་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀ་རིང་ཡུལ་ཚོ་ཡ་ག་སྡེ་བ་དང་བར་ལུང་སྡེ་བར་གྲོང་གསེབ་དར་སྤེལ་གྱི་འབྲེལ་གནས་ལ་རོགས་སྐྱོར་བྱ་བ་སྤེལ་བའི་ལོ་གཉིས་པ་ཡིན། ལོ་གཉིས་ཀྱི་རིང་ལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རིག་གནས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱས་ཤིང་། སྡེ་བ་གཉིས་ཀྱི་དགོས་མཁོ་དང་སྡེ་དམངས་ཀྱི་རེ་བ་དེ་རོགས་སྐྱོར་རུ་ཁག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ། རོགས་སྐྱོར་བྱ་བ་བརྟན་བརླིང་སྒོས་སྤེལ་བར་མང་ཚོགས་ཡོངས་ཀྱི་ཁས་ལེན་དང་བསྟོད་བསྔགས་ཐོབ།

གྲོང་གསེབ་དར་སྤེལ་ནི་གཟུགས་ཡོད་ཀྱི་འཛུགས་སྐྲུན་དར་སྤེལ་ཡིན་ལ་གཟུགས་མེད་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་ཡང་ཡིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་སྡེ་སྡོད་བྱ་བའི་རུ་ཁག་སྡེ་བར་སྡོད་པའི་ཚུན་དུ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་དེ“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་། བརྟན་འཇགས་ཏང་གི་ཉིན་མོ། “གྲོས་བསྡུར་བཞི་དང་སྤྱི་བསྒྲགས་གཉིས”ཀྱི་ལམ་ལུགས་བཅས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན། ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་བཅས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

“རྡོ་རྗེ་སྒྲོལ་མ། གློག་བརྙན་ཁང་གི་དྲོད་རླངས་བསྲོས་ཡོད་ལ་གློག་བརྙན་སྟོན་མཁན་ཡང་ཐོན་ཡོད། དེ་རིང་གི་གློག་བརྙན་ནི་ཁྱེད་རང་ལྟ་འདོད་ཆེ་བའི《ཁྲང་ཅིན་མཚེའུ》ཞེས་པ་དེ་ཡིན་པས། མྱུར་མོར་ཤོག”ཅེས་གློག་བརྙན་སྟོན་ལ་ཁད་དུ་བར་ལུང་སྡེ་བའི་སྡེ་མི་ཚེ་རིང་འཚོར་འཚུབ་ཆ་ཞིག་ལངས་ནས་འགྲོ་རོགས་རྡོ་རྗེ་སྒྲོལ་མར་ཁ་པར་བཏང་། ཞིང་སྡེ་རིག་གནས་འཛུགས་སྐྲུན་གྱི་བྱ་བ་ལེགས་པོར་བསྒྲུབ་ཆེད། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཡ་ག་སྡེ་བ་དང་བར་ལུང་སྡེ་བ་སོ་སོར་ཞིང་སྡེའི་ཀུན་ཕན་གློག་བརྙན་ཁང་ལས་ཏེ་གློག་བརྙན་སྟོན་བཞིན་ཡོད། རིན་ཐང་ལ་སྒོར་འབུམ་གཉིས་ལྷག་ཡིན་པའི་གློག་བརྙན་སྒྲིག་ཆས་བསྒྲིགས་པ་ནས་བཟུང་། དབྱར་དགུན་སྟོན་དཔྱིད་མེད་པར་སྡེ་མི་རྣམས་ཀྱིས་རང་ཚང་གི་སྒོ་ཁ་རུ་གློག་བརྙན་གྱི་སྟོན་མོ་ལོངས་སུ་སྤྱོད་ཐུབ།

ཀ་རིང་ཡུལ་ཚོ་རུ་དྭངས་གཙང་གི་ཆུ་མིག་ལྷང་ལྷུང་དུ་འབབ་བཞིན་འདུག་ལ། ནས་ནག་རྒྱ་ཆེར་འདེབས་བཞིན་ཡོད་པས། སྡེ་མི་རྣམས་ལ་གནའ་ནས་བཟུང་སྟེ་ནས་ཆང་བཙགས་པའི་གོམས་སྲོལ་ཡོད། ཡུན་རིང་དུ་རྒྱུན་འཛིན་བྱས་པའི་ཆང་བཙགས་ལག་རྩལ་ལ་སྔར་ལས་སྲུང་སྐྱོབ་བྱེད་ཆེད། སྡེ་སྡོད་བྱ་བའི་རུ་ཁག་གིས་རོགས་འདེགས་གང་ལེགས་བྱས་པ་སྟེ། ཆང་བཙགས་བཟོ་གྲྭ་འཛུགས་རོགས་བྱས་པའི་རྨང་གཞིའི་སྟེང་། ཀ་རིང་ཡུལ་ཚོ་ཤུག་རི་ནས་ཆང་བཙགས་རྩལ་དེ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་གྲས་སུ་བདེ་བླག་གིས་ཚུད་དུ་བཅུག དེ་ནས་བཟུང་མིང་མེད་སྐལ་མེད་ཀྱི་ཀ་རིང་ནས་ཆང་དེ་རྒྱལ་ཡོངས་སུ་གྲགས་མགོ་བརྩམས།

སྡེ་བ་འདི་གཉིས་ཀྱི་སློབ་གསོ་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་སློབ་གསོ་ཐིན་བརྒྱུད་དེ། གཙོ་གནད་སློབ་འབྲིང་ནས་ཕུལ་བྱུང་ན་གཞོན་དགེ་རྒན8སྐོང་འཐེན་བྱས་ཏེ་ཀ་རིང་ཡུལ་ཚོ་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་རམ་འདེགས་བྱེད་དུ་བཅུག་པ་དང་། བསྟུད་མར་ལོ་ངོ་དྲུག་གི་རིང་ལ“བརྩེ་བ་བོད་ཡུལ་དུ་བཅངས་པའི”སློབ་རོགས་བྱ་དགའ་བཟོ་འགོད་ལག་བསྟར་བྱས་པ་སྟེ། ལོ་ངོ་གཉིས་ཙམ་ལ་ཡུལ་ཚོ་ཡོངས་ཀྱི་ཆེད་རིམ་བསླབ་ཚན་སློབ་ཆེན་ཡན་དུ་རྒྱུགས་འཕྲོད་པའི་སློབ་མ་རྣམས་ལ་བསྡོམས་པས་སློབ་རོགས་བྱ་དགའ་སྒོར་འབུམ་གསུམ་བྱིན། ཉེ་བའི་ལོ་འགའི་རིང་ལ། ཀ་རིང་ཡུལ་ཚོའི་མཐོ་འབྲིང་དང་སློབ་ཆེན་ལ་རྒྱུགས་འཕྲོད་ཚད་བསྟུད་མར་འཕར་ཞིང་། ཞིང་སྡེའི་སློབ་མ་སྐོར་དང་སྐོར་བྱས་ཏེ་སྡེ་བ་ནས་ཕྱིར་སོང་སྟེ་མཐོ་རིམ་སློབ་གསོ་མྱངས་ནས་ལས་རིགས་སོ་སོའི་འཇོན་མིར་གྱུར་དང་འགྱུར་བཞིན་ཡོད། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཡུལ་ཚོ་ཡོངས་ཀྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མ་རྣམས་ལ་སློབ་ཞོར་དཔེ་དེབ་རིམ་བསགས་ཀྱིས་ཁྲི་གཉིས་དང་སྟོང་གསུམ་ལྷག་བྱིན་པ་དང་། བར་ལུང་སློབ་ཆུང་ལ་རིན་ཐང་སྒོར་ཁྲི་འགའི་ཤུད་སྐས་དང་རྩིས་འཁོར། ལག་རྩེད་སྤོ་ལོ། རྐང་རྩེད་སྤོ་ལོ། ལྕགས་རྟ་སོགས་ཀྱི་ཡོ་ཆས་བྱིན་ནས་སློབ་གསོ་བྱིས་པ་ནས་འཛིན་པ་དོན་ཐོག་ཏུ་འཁྱོལ་བར་བྱས།

ཀ་རིང་སྡེ་བའི་སྐར་གསོག་སྒོ་རྩིས་ཁང་དུ་ཐོན་པ་ན། སྒྲོམ་གཞིའི་སྟེང་དུ་འཁྲུད་རྫས་དང་ལྷམ། མལ་ཁྲིའི་སྟེང་གི་མཁོ་ཆས་སོགས་འཚོ་བའི་ཚོང་རྫས་མང་པོ་བསྒྲིགས་ཡོད་རུང་། ཚོང་རྫས་དེ་དག་སྒོར་མོས་ཉོས་མི་ཆོག་པ་སྟེ་ངེས་པར་དུ་དཔལ་ཡོན་སྐར་གྲངས་ལ་བརྗེ་དགོས། སྡེ་མི་བསོད་ནམས་རྡོ་རྗེ་དགའ་སྤྲོའི་ངང་སྒོ་རྩིས་ཚོང་ཁང་དུ་ཐོན། སྤོབས་ཉམས་ཀྱིས་དོ་དམ་པར“ཁྱེད་ཀྱིས་ཞིབ་བཤེར་བྱོས་དང་། ངའི་སྐར་མ་སླ་ངར་བརྗེས་ན་སྐར་གྲངས་ཀྱིས་འདང་ངམ”ཞེས་དྲིས། དོ་དམ་པས་སྐར་གྲངས་ངོས་བཟུང་རྗེས་སླ་ང་ཞིག་ཁྱེར་ཡོང་སྟེ་བསོད་རྣམས་རྡོ་རྗེའི་ལག་ཏུ་བཞག དཔལ་ཡོན་སྐར་གསོག་ལས་སྡེ་མི་རྣམས་ཀྱི་དཔལ་ཡོན་སྤུས་ཚད་ལ་གཟབ་ནན་བྱེད་ཚད་མཐོར་འདེགས་བྱུང་ཞིང་། སྲོལ་བརྗེ་ལུགས་བསྒྱུར་བྱ་བ་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་ཐུབ་པར་གྱུར་བ་སྟེ། ད་ལྟ་སྡེ་བའི་ནང་དུ་དང་བླངས་བྱ་འགུལ་རྩ་འཛུགས་བྱེད་པ་དང་ཁོར་ཡུག་གཙང་སྦྲའི་ལས་ཀ་སྤེལ་ན་སྔོན་ཆད་ལྟར་སྒོར་མོ་བྱིན་ནས་མི་གླ་མི་དགོས་པར་མ་ཟད། སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་ཞིག་བཏང་རྗེས་ཁོམ་པ་ཡོད་པའི་མང་ཚོགས་ཚང་མ་ཡོང་སྟེ་རང་འགུལ་གྱིས་རོགས་རམ་བྱེད་པ་ཞིག་རེད། ད་ལོ་སྡེ་བ་གཉིས་སུ་ཕུལ་བྱུང་བུད་མེད་བཅོ་བརྒྱད་དང་ཕྱུག་བསྒྱུར་ཧུར་བརྩོན་གྱི་དཔེ་མཚོན་པ་དགུ། “སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”བཅོ་ལྔ་བཅས་བདམས། ཡ་ག་སྡེ་བར་མཚོན་ན“སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”གི་ཁེབས་ཚད50%ལ་སླེབས་པ་དང་། སྡེ་མི་རྣམས་ཀྱིས་དམ་པར་མིག་ལྟ་བྱེད་པའི་ཞིང་སྡེ་དཔལ་ཡོན་གྱི་སྲོལ་ཞིག་ཆགས་བཞིན་འདུག

ད་ལྟའི་ཡ་ག་དང་བར་ལུང་སྡེ་བ་གཉིས་ཀྱི་ཕྱིའི་བཀོད་པ་གྲ་དག་ལ་མཛེས་པ་དང་། ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ། སྡེ་མི་རྣམས་ཀྱི་གདོང་ལ་དགའ་བ་རྒྱས་ཡོད་པ་དང་། འཚོ་བ་རོལ་གྱིན་རོལ་གྱིན་ཇེ་སྐྱིད་དུ་འགྲོ་བཞིན་འདུག ཀ་རིང་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས“སྡེ་མི་རྣམས་ཀྱི་བསམ་པའི་ཉམས་འགྱུར་བསྒྱུར་བ་དེ་ནི་ད་གཟོད་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཆེས་སྲ་མཁྲེགས་ཀྱི་རྨང་གཞི་ཡིན་པས། ང་ཚོས་ངེས་པར་མུ་མཐུད་དུ་གྲོང་གསེབ་རིག་གནས་དཔལ་ཡོན་འཛུགས་སྐྲུན་དམ་པོར་བཟུང་སྟེ། རིག་གནས་དཔལ་ཡོན་གྱི‘ས་བོན’ལས་སྡེ་མི་ཕྱུག་པོ་དང་བདེ་སྐྱིད་ཀྱི‘འབྲས་བུ’སྨིན་དུ་འཇུག་དགོས”ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།