གཉའ་གོང་མ་སྡེ་བའི་རྣམ་པ་གསར་པ།
2023.09.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

 གསར་འགོད་པ་མཛེས་སྡུག་གི་གསེར་དངུལ་རྩྭ་ཐང་བརྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་གཉའ་གོང་མ་སྡེ་བར་ཐོན་པ་ན། མིག་ལམ་དུ་ཁོད་ཡངས་ལ་གྲ་དག་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་མངོན་པ་དང་། ཤེལ་གྱིས་བཅད་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐོག་ཁང་ལ་དེང་རབས་ཀྱི་རྣམ་པས་ཁེངས་ལ། དེའི་མཐའ་འཁོར་ཡོངས་རྫོགས་མཛེས་པའི་རྩྭ་ཐང་གིས་བརྒྱན་ཡོད་པས་མིག་དབང་འཕྲོག་པ་ཞིག་རེད།

ལོ་ན་གཞོན་ཞིང་ལས་ལ་བྱང་ཡོད་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་བཟང་རྣམ་རྒྱལ་གྱིས་དགའ་སྤྲོ་ཆེན་པོས་གསར་འགོད་པར་བཤད་རྒྱུར། “སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཐོག་ཁང་འདི་ནི་མཐའ་འཁོར་སྡེ་བ་དག་གི་ཁྲོད་དུ་ཆ་རྐྱེན་ཆེས་བཟང་བ་དེ་ཡིན། ན་ནིང་ཐོག་ཁང་དུ་ཤེལ་གྱི་ཉི་ཁྱམས་ལས་པས་དགུན་ཁར་ཧ་ཅང་དྲོ། སྡེ་བའི་ནང་དུ་ཚོགས་འདུ་འཚོགས་ན་སྡེ་མི་ཚང་མ་དགའ་སྤྲོའི་ངང་ནས་ཞུགས་སྲིད ”ཟེར།

དེར་མཐུད་ནས། ལྷ་བཟང་རྣམ་རྒྱལ་གྱིས་ཚང་མ་སྡེ་བའི་ཐང་ཆེན་གྱི“སྡེ་སྲོལ་དམངས་ཆིངས་དཔྱད་བསྡུར་ཨང་རིམ”བཤམས་སྟོན་པང་ལེབ་ཀྱི་མདུན་དུ་ཁྲིད་པ་དང་། “ཨང་རིམ་དམར་པོའི”ནང་དུ་སྡེ་མི10ཡི་འདྲ་པར་སྦྱར་ཡོད་ལ། “ཨང་རིམ་ནག་པོའི”ནང་དུ་གཅིག་ཀྱང་སྦྱར་མེད་པར་སྟོང་བར་བསྐྱུར་ཡོད།

“འདི་ནི་ཚུགས་ཀ་བཏོད་སྤྱད་ཅིག་མིན་ནམ”ཞེས་ཚང་མའི་སེམས་སུ་དེ་ལྟར་འདོད་པའི་སྐབས་སུ།  ལྷ་བཟང་རྣམ་རྒྱལ་གྱིས་བཤད་རྒྱུར། “སྔོན་ཆད་སྡེ་བའི་ནང་དུ་ལོ་རེ་ལའང་འགལ་བ་དང་རྩོད་གླེང་ཁ་ཤས་རྒྱུན་མ་ཆད་པར་བྱུང་རུང་ལོ་འདི་གཉིས་ཀྱི་ནང་དུ་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་ལེགས་པས་རྩོད་གླེང་གཅིག་ཀྱང་མ་བྱུང་བས་སྡེ་མི་ཚང་མ་དེའི་ཕྱོགས་ནས་སྐར་མ100ཡིན”།

ལྷ་བཟང་རྣམ་རྒྱལ་གྱིས་བཤད་པའི‘སྐར་མ100’ཟེར་བ་ནི2021ལོར་ལྷ་བཟང་རྣམ་རྒྱལ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་གསར་དུ་བསྒྲིགས་པའི“གཉའ་གོང་མ་སྡེ་བའི་སྡེ་སྲོལ་དམངས་ཆིངས”ལས་ཐོན་པ་ཡིན། དེས་སྒྲིག་བརྩི་ཁྲིམས་བརྩི་དང་སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་ཀུན་སྤྱོད། སྡེ་སྲོལ་དམངས་ཆིངས་སོགས་ཀྱི་ཕྱོགས་ནས་སྡེ་མི་རྣམས་ལ་བྱེ་བྲག་གི་བླང་བྱ་གསར་པ་བཏོན་ཡོད།

“ཧ་ཅང་བཟང་བའི་སྡེ་མི་ནི་སྐར་མ100ཡིན། བྱ་སྤྱོད་མི་ལེགས་པ་བྱུང་ན་སྐར་མ་འཕྲི་དགོས། སྐར་མ་འཕྲི་ཚེ་སྡེ་བའི་ནང་གི་གཟིགས་སྐྱོང་ཐོབ་ཐང་གང་ཡང་ལོངས་སྤྱོད་བྱེད་ཐབས་མེད་ལ། ལྷག་པར་ཚང་མས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་མཇུག་གི་ཁེ་སྤོགས་ཀྱང་ཐོབ་མི་སྲིད་པ་དེར་དོ་སྣང་བྱེད་ཀྱིན་ཡོད།”

ལྷ་བཟང་རྣམ་རྒྱལ་གྱིས་གཉའ་གོང་མ་སྡེ་བ་ནི་ཕྱུགས་ལས་ཀྱི་སྡེ་བ་ཞིག་ཡིན་ལ། སྡེ་མི་མང་ཆེ་བས་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད། 2021ལོའི་ཡར་སྔོན་དུ། སྡེ་བའི་ནང་དུ་སྡེ་བ་ཐུན་མོང་གི་དཔལ་འབྱོར་མེད་པ་དང་།“དཔལ་འབྱོར་གྱི་རྒྱབ་རྟེན”མེད་ན་མི་ལ་དོ་དམ་བྱེད་དཀའ། རྩྭ་ས་རྩོད་གླེང་ལོ་རེ་བཞིན་ཇེ་མང་དུ་སོང་བ་སོགས་ཀྱི་བརྟན་འཇགས་མིན་པའི་རྒྱུ་རྐྱེན་འདི་དག་གིས་གྲོང་གསེབ་དར་སྤེལ་གྱི་བརྟན་འཇགས་འཕེལ་རྒྱས་ཀྱི་གོམ་ཁ་སྤོ་བར་ཐད་ཀར་བཀག་རྐྱེན་བཟོས།

2021ལོར། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་སྐབས་བརྗེ་འདེམ་སྐོ་བྱེད་སྐབས། སྡེ་མི་རྣམས་ཀྱིས་ལྷ་བཟང་རྣམ་རྒྱལ་ལ་སྔ་མོ་ནས་ལས་འདོད་ཆེ་བ་དང་། དེའི་ཐད་ལ་བློ་དཀར་བ་ཤེས་ཏེ་ཁོ་རང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་ཤིང་། སྡེ་བའི་ནང་གི་ལོ་ན་ཆེས་གཞོན་པའི་ཏང་ཡོན་འདིས་སྡེ་བར་རྣམ་པ་གསར་པ་ཞིག་བཏོད་ཐུབ་པའི་རེ་བ་བཟུང་ཡོད།

ལྷ་བཟང་རྣམ་རྒྱལ་གྱིས་ཁོ་རང་བདམས་ཡོད་པའི་གནས་ཚུལ་ཤེས་རྗེས། འཚུབ་ཆ་ཅུང་ཙམ་ཞིག་སྐྱེས་བྱུང་། “ང་རང་ལོ་ན་གཞོན་པས་སྡེ་མི་རྣམས་ཀྱིས་ངའི་ཁར་མ་མཉན་ན་ཇི་ལྟར་བྱ།  སྡེ་བའི་ནང་དུ་ལོ་རེར་རྩྭ་ས་རྩོད་གླེང་དེ་འདྲ་མང་བས་དེ་ཐག་གིས་གཅོད་མ་ཐུབ་ན་ཇི་ལྟར་བྱ།  བདམས་ཐོན་བྱུང་མ་ཐག་དངོས་གནས་གནོན་ཤུགས་ཤིན་ཏུ་ཆེ།”ཟེར།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས་མདུན་སྐྱོད་མི་བྱེད་ཐབས་མེད་ཡིན་པས། ལྷ་བཟང་རྣམ་རྒྱལ་གྱིས་དུས་ཚོད་དམ་འཛིན་བྱས་ཏེ་ཆེས་མགྱོགས་པའི་མྱུར་ཚད་ཀྱིས་སྡེ་བའི་ནང་གི་གནས་ཚུལ་རྒྱུས་ལོན་བྱས། སྐབས་དེར། སྡེ་བའི་ནང་དུ་ཁྱིམ་ཚང་ཕྱུགས་ར3ཡོད་ལ། སྡེ་མི་མང་པོ་ཞིག་གིས་ཁྱིམ་ཚང་ཕྱུགས་རའི་ནང་དུ་ལས་ཀ་ལས་བཞིན་ཡོད། དེ་དག་གི་ཁྲོད་ན་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་མང་པོ་ཡོད།  དེ་ལས་ལྷ་བཟང་རྣམ་རྒྱལ་གྱི་བློ་སྒོ་ཕྱེ་ཞིང་རིག་ལམ་རྙེད་པ་རེད།“ཁྱིམ་ཚང་ཕྱུགས་རའི་བདག་པོ་ནི་སྦྱིན་བདག་ཡིན་པས། སྡེ་མི་རྣམས་ཀྱིས་ཕྱུགས་འཚོས་ནས་དེར་ལས་ཀ་ལས་པ་དེ་ཡང་དོ་དམ་བྱེད་སྟངས་ཤིག་མ་ཡིན་ནམ”སྙམ་པ་རེད།

“སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་ན་ཚང་མ་མཐུན་སྒྲིལ་གཅིག་གྱུར་ཡོང་ཐུབ”ཅེས་པ་དེ་ཁོས་འགན་ཁུར་རྗེས་ཀྱི་དམིགས་འབེན་ཐོག་མར་གྱུར།

དེ་ནས་ལྷ་བཟང་རྣམ་རྒྱལ་གྱིས་སྡེ་བའི“ཨུ་ཡོན་ལྷན་ཁང”ཚན་ཁག་གི་ཁོངས་མི་ཚོར་སྐུལ་སློང་བྱས་ཏེ། རྐང་ཚ་རྫོང་ལ་གྲོང་གསེབ་དར་སྤེལ་གྱི་མ་རྩ་སྒོར་ས་ཡ་དགུ་འབུམ་གཉིས་རེ་ཞུ་བྱས་ཏེ། རྩྭ་ས་སྤྱི་ཆིང་གཅིག་ལྷག་གླས་ནས་གསོ་སྤེལ་ར་བ་ལས་ཤིང་ལུག500དང་ནོར50ཉོས་པར། 2022ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་བཞི་ཁྲི་གཅིག་ལ་སླེབས་པ་དང་། སྒོར་འབུམ་གཉིས་ཁྲི་གཅིག་སྡེ་མི་རྣམས་ལ་བགོས་པ་དེ་སྡེ་མི་རེར་སྒོར350རེ་ཐོབ།

སྡེ་མི་མཆོག་སྒྲུབ་རྒྱལ་ཚང་ལ་རྩྭ་ས་སྤྱི་ཆིང་བཅུ་ལྷག་ཡོད། སྔོན་ཆད་ཁོས་རང་ཚང་གི་ལུག་ལ་རྩྭ་མང་པོ་ཟ་རུ་འཇུག་ཆེད། རྩྭ་ས་མང་པོར་བདག་འཛིན་བྱས་ཡོད་པས། ལོ་རེ་རེར་སྡེ་བའི“ཨུ་ཡོན་ལྷན་ཁང”གི་ལས་བྱེད་པ་རྣམས་དང་ཁ་འཛིང་བྱེད་ཀྱིན་ཡོད།

དེ་ལྟ་བུའི་འགལ་བ་ལོ་གསུམ་བཞི་ལ་བསྐྱུར་ནས་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད། 2021ལོར་ལྷ་བཟང་རྣམ་རྒྱལ་གྱིས་མཆོག་སྒྲུབ་རྒྱལ་ལ་སྐུལ་སློང་བྱས་ཏེ་རྩྭ་ས་སྡེ་བ་ཐུན་མོང་ལ་གླ་རུ་བཅུག རྩྭ་ས་སྤྱི་ཆིང0.066རེར་སྒོར60རེ་བྱིན་པར་མ་ཟད། ལོ་མཇུག་ཏུ་ཁེ་སྤོགས་ཀྱང་ཡོད་པས། མཆོག་སྒྲུབ་རྒྱལ་ཡང་ཁ་འཛིང་བྱེད་དགོས་པའི་ལོ་རྒྱུས་དང་རིང་དུ་བྲལ།

ལྷ་བཟང་རྣམ་རྒྱལ་གྱིས་བཤད་རྒྱུར། “སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པའི་ཆེས་ཆེ་བའི་བཟང་ཆ་ནི་ལོ་འདི་གཉིས་ཀྱི་ནང་དུ་འགལ་བ་དང་རྩོད་གླེང་བྱུང་མ་མྱོང་ལ། སྡེ་མི་རྣམས་སྔར་ལས་མཐུན་སྒྲིལ་ཡར་ཐོན་བྱུང་བ་དེ་རེད”ཟེར།

སྡེ་མི་རྟ་མགྲིན་དབང་ཕྱུག་ནི་སྔོན་ཆད་རྩྭ་སར་བརྟེན་ནས་འཚོ་བ་རོལ་བ་ལས་ཕྱི་རུ་ཞོར་ལས་ལ་འགྲོ་མ་མྱོང་། ན་ནིང་ལྷ་བཟང་རྣམ་རྒྱལ་གྱིས་ཁོ་ཚང་གི་རྩྭ་ས་སྤྱི་ཆིང་ཉེར་བཞི་ལྷག་སྡེ་བའི་ཐུན་མོང་མ་རྐང་དུ་འཇོག་པར་སྐུལ་སློང་བྱས་པར་མ་ཟད། ད་དུང་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་བར་སྐུལ་སློང་བྱས། ད་ལྟ་རྟ་མགྲིན་དབང་ཕྱུག་གི་ལོ་རེའི་ཡོང་སྒོ་སྒོར་ཁྲི4ལ་འཕར་བས་གདོང་ལ་དགའ་སྤྲོས་ཁེངས་འདུག

ལྷ་བཟང་རྣམ་རྒྱལ་གྱིས་བཤད་རྒྱུར། “ད་ལྟ་སྡེ་བའི་གསོ་སྤེལ་ར་བར་ལས་ཀ་པ7ཡོད། ང་ཚོས་ད་དུང་གསོ་སྤེལ་གྱི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན་པས། ཁྱིམ་ཚང20ཡི་སྡེ་མིར་མ་རྐང་འཇོག་པར་སྐུལ་སློང་བྱེད་དགོས། དེ་ལྟར་བྱས་ན་ལས་ཞུགས་ཀྱི་ལས་རྐང་ཇེ་མང་དུ་འགྲོ་སྲིད་ལ་ཚང་མ་མཉམ་དུ་དར་སྤེལ་གྱི་ལམ་དུ་བསྐྱོད་ཐུབ”ཟེར།

དེ་ལས་གཞན་ལྷ་བཟང་རྣམ་རྒྱལ་གྱིས་རྐང་ཚ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་མི་དོན་སྤྱི་ཚོགས་འགན་སྲུང་སྡེ་ཁག་སོགས་དང་འབྲེལ་གཏུག་བྱས་ཏེ། སྡེ་བའི་གསོ་སྤེལ་ར་བ་དེ་ཁྱིམ་ཚང་ཕྱུགས་རའི“ལས་རྐང་སྔོན་གྱི་གསོ་སྐྱོང་ལྟེ་གནས”སུ་སྒྱུར་བཞིན་ཡོད། ན་ནིང“གསོ་སྐྱོང”སྐོར་གཉིས་བྱས་ཚར་བས་སྡེ་མི་རྣམས་དེར་ཡིད་ཚིམས་ཡོད།  ཁོས་གདོང་ལ་འཛུམ་གྱིས་ཁེངས་ནས“སྡེ་མི་སུ་ཞིག་གིས་ཁྱིམ་ཚང་ཕྱུགས་ར་གཉེར་འདོད་ན་ངས་དེར་སྤྲོ་བས་དགའ་བསུ་བྱེད་ངེས་ཡིན”ཞེས་གསར་འགོད་པར་དེ་ལྟར་བཤད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།