དཀོན་ལོ་གོང་མ་སྡེ་བས་དྲིན་གཟོ་ཡར་བརྩོན་གྱི་བདེ་སྐྱིད་གླུ་དབྱངས་བླངས་པ།
2023.09.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

ཞོགས་པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སོང་བ་ན། “ཏང་གི་དྲིན་གཟོ་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། གྲོང་གསེབ་དར་སྤེལ་བྱེད་པ། མི་དམངས་ཕྱུག་འགྱུར་འབྱུང་བ”ཞེས་པའི་སྦྱར་ཡིག་དམར་པོ་ཞིག་མིག་ལམ་དུ་མངོན་ཡོང་། བྱིས་པ་སློབ་གྲྭར་བསྐྱལ་རྗེས་སྡེ་མི་འགའ་གཉིས་རེ་གསུམ་རེ་བྱས་ནས་གསར་དུ་བསྐྲུན་པའི“མཐུན་སྒྲིལ”ཐང་ཆེན་གྱི་ཁྱམས་རའི་འདུག་སྟེགས་སུ་བསྡད་དེ་ཁ་བརྡ་བྱེད་ཀྱིན་ཡོད་ལ། ཁོ་ཚོར་དགའ་སྤྲོས་ཁེངས་འདུག

སྡེ་བའི་གཞུང་ལམ་བརྒྱུད་དེ་ནང་དུ་སོང་ན། སོ་ཕག་དམར་པོ་དང་ཤིང་སྒོ་ཅན་གྱི་བོད་ལུགས་སྡོད་ཁང་རེ་རེ་གྲལ་དག་པོར་བསྟར་ཕྲེང་དུ་བསྒྲིགས་ཡོད་ཅིང་། སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར་གྱི་འདབ་མའི་འོག་ཏུ། ཁྱིམ་ཚང་རེ་རེའི་སྒོ་མདུན་ན་ལྷབ་ལྷུབ་ཏུ་སྐྱོད་བཞིན་པའི་སྐར་ལྔའི་དར་དམར་ལ་བཀྲག་མདངས་འཚེར་བཞིན་འདུག ཐག་མི་རིང་བའི་སར་གཙང་སྦྲ་བྱེད་མཁན་འགའ་ཡིས་སྡེ་བའི་གཞུང་ལམ་ཕྱགས་པ་དང་རྐུབ་སྟེགས་ཕྱིས་བཞིན་ཡོད་དེ། ཚང་མར་ལས་བགོས་གོ་རིམ་དང་ལྡན།

2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་སྨི3300ཡོད་པའི་དཀོན་ལོ་གོང་མ་སྡེ་བར་ཕེབས་ནས་བོད་རིགས་མང་ཚོགས་ལ་གཟིགས་སྐྱོང་འཚམས་འདྲི་མཛད་ཅིང་། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ནང་དུ་ཚང་མ་སེ་འབྲུའི་ཚི་གུ་བཞིན་དུ་དམ་པོར་སྦྲེལ་ཏེ་ཕན་ཚུན་གཏིང་འདྲིས་དང་རོགས་རེས་བྱས་ན། ད་གཟོད་མི་རིགས་བསྐྱར་དར་གྱི་ཕུགས་བསམ་རླབས་ཆེན་མངོན་འགྱུར་བྱེད་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གི་འདབ་མ་ལྷུག་པོར་གྲོལ་ཐུབ།”

ལོ་ངོ་གཉིས་འདས་ཟིན། ཏང་འཛུགས་དར་ཞིང་ཐོན་ལས་རྒྱས། སྐྱེ་ཁམས་བཟང་ཞིང་སྡེ་མི་ཕྱུག དཀོན་ལོ་གོང་མ་སྡེ་བས་གཞི་ནས“རྣམ་པ་རྙིང་པ་གསར་པར་བརྗེས”འདུག

སྡེ་མི་བསོད་ནམས་ཚེ་རིང་ཚང་ལ་སོང་བ་ན། ནངས་ཇ་འཐུང་མ་ཐག་པའི་ཁོས་ཟོག་སྒྲོམ་གཉིས་འབྱིད་ཞོར་དུ་སེམས་ཆུང་ངང་ལག་ཤེས་བཟོ་རྩལ་ཐོན་རྫས་དག་གྲལ་དག་མོར་བསྒྲིགས་རྗེས། ཁྱིམ་གྱི་སྒོ་ཁར་བུད་ནས་མགྲོན་པོ་ཕེབས་པར་སྒུག

“བཙོང་ནས་ཟླ་བ་གཅིག་ལྷག་འགོར་སོང་། ཕལ་ཆེར་སྒོར་མོ་ཁྲི་ལྷག་བཙལ་འདུག”བསོད་ནམས་ཚེ་རིང་གིས་དགའ་སྤྲོའི་ངང་བཤད།

“ཆུང་མས་རི་ནང་དུ་ཕྱུགས་འཚོ་བཞིན་ཡོད་ལ། བུ་མོ་དང་མག་པ་གཉིས་ལའང་བྱ་བ་ཡོད་པས། ངའི་འགན་ཁུར་ནི་ཚ་བོ་ཆུང་བ་གཉོར་ཞོར་དུ་དངུལ་སིལ་མ་རེ་བཙལ་རྒྱུ་དེ་ཡིན། ན་ནིང་ཁྱིམ་གྱི་ཡོང་འབབ་སྒོར་མོ་འབུམ་གཅིག་དང་ཁྲི་གཉིས་ལ་སླེབས་པ་དང་། འཚོ་བ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་སོང་ཡོད་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ”ཞེས་བསོད་ནམས་ཚེ་རིང་གིས་སེམས་འགུལ་ཐེབས་པའི་བརྩེ་སེམས་འགོག་ཐབས་མེད་པར་བཤད།

མི་རབས་ལྔ་ཁྱིམ་གཅིག་ཏུ་འཛོམས་པའི་བཀྲ་ཤིས་མཚོ་ཚང་གི་ཁྱིམ་མི་གང་པོའི་གདོང་ལ་སྐྱིད་པའི་འཛུམ་ཆུང་མངོན་ཡོད། བཀྲ་ཤིས་མཚོ་ཡིས་སྤྲོ་སེམས་འཁོལ་བའི་ངང་ང་ཚོར་མཚམས་སྦྱོར་བྱེད་རྒྱུར། “རྨོ་བོ་ལགས་ད་ལོར་ལོ་གྱ་བརྒྱད་ཡིན་པ་དང་། ཁོང་གིས་རང་ཉིད་ཀྱིས་ལོ་ཚོད་འདིར་འཚོ་བ་སྐྱིད་པོ་འདི་འདྲ་རོལ་ཐུབ་པ་དང་ཁང་པ་ཡག་པོ་འདི་འདྲ་ཞིག་གི་ནང་དུ་སྡོད་ཐུབ་པ་སེམས་ལའང་དྲན་མ་མྱོང་། ཁོང་གིས་རྒྱུན་དུ་ང་ཚོར་ཏང་གི་དྲིན་གཟོ་དགོས་པ་དང་། ཏང་གི་གསུང་ལ་ཉན་ནས་བྱ་བ་ཧུར་ཐག་གིས་བསྒྲུབ་དགོས་ཚུལ་བཤད་བཞིན་ཡོད”ཅེས་བཀྲ་ཤིས་འཚོ་ཡིས་རྨོ་བོ་ལགས་ཀྱི་སྐད་ཆ་བརྒྱུད་བཤད་བྱེད་པའི་སྐབས་སུ། རྨོ་བོ་ལགས་ཀྱིས་ཀྱང་འཛུམ་དམུལ་དམུལ་ངང་མཐེ་བོང་སྟོན་བཞིན་འདུག

དོན་དངོས་སུ། བསོད་ནམས་ཚེ་རིང་ཚང་ཡིན་ནའང་འདྲ། ཡང་ན་བཀྲ་ཤིས་འཚོ་ཚང་ཡིན་ནའང་འདྲ། ཁོ་ཚོ་ནི་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་བསྡུས་གཟུགས་ཤིག་རེད།

དཀོན་ལོ་གོང་མ་སྡེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་བརྟན་པོར་བཅངས་པ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་ཁེ་ཕན་གྱི་གནད་དོན་ནམ་ཡང་ཨང་དང་པོར་བཞག་ནས། སྤྱི་ཚོགས་འགན་སྲུང་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། བྱིས་པར་སྐྱོང་མཁན་ཡོད་པ། བསླབ་ལ་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་ན་གཉོར་མཁན་ཡོད་པ། སྡོད་ལ་ཁང་པ་ཡོད་པ། ཉམ་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་བདེ་ཞིང་སྐྱིད་པའི་རོང་འབྲོག་ཁུལ་གསར་པ་ཞིག་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་འགྱུར་ལྡོག་བདེན་དཔང་བྱས་ཡོད།

ལོ་གཉིས་ཀྱི་རིང་ལ། དཀོན་ལོ་གོང་མ་སྡེ་བར་སྔ་གཞུག་ཏུ“མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་སྡེ་བ”དང“རྒྱལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་སྡེ་བ”“རྒྱལ་ཡོངས་ཀྱི་མཛེས་སྡུག་སྤྲོ་གསེང་གྲོང་གསེབ་ཀྱི་སྔོན་ཐོན་སྡེ་བ”“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”བཅས་ཀྱི་གཟེངས་རྟགས་ཐོབ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་གནས་འདིའི་མི་རྣམས་ཀྱི་སེམས་སུ་འཇགས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འདི་གར་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་ཡོད།

“2022ལོའི་ལོ་མཇུག་ལ་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གསུམ་ལྷག་ཙམ་ཡིན་པ་དང་། དེ2021ལོ་དང་བསྡུར་ན7.5%འཕར་ཡོད། ཁྱིམ་ཚང་སྨན་པའི་ཞབས་ཞུའི་གན་རྒྱ་བཞག་པའི་ཁྱིམ་ཚང་དྲུག་བརྒྱ་དང་སོ་བདུན་དང་། གཙོ་གནད་མི་ཚོགས་ལ་ཞབས་འདེགས་ཞུ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། 2022ལོར་མི་བཞི་བཅུ་རིགས་མི་འདྲ་བའི་གསོ་སྦྱོང་ལ་ཞུགས་པ་དང་། ངལ་རྩོལ་པ་སུམ་བརྒྱ་དང་སོ་བརྒྱད་གནས་སྤོ་བྱས་ལ། གནས་སྐབས་རོགས་སྐྱོབ་དང་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་ཁ་གསབ་སོགས་དམངས་ཚིས་མ་དངུལ་སྣ་ཚོགས་སྒོར་མོ་ས་ཡ་གཉིས་དང་འབུམ་བཞི་ཁྲི་གསུམ་སྟོང་བརྒྱད་ལྷག་སྤྲད་པ་དེ་ཁྱིམ་ཚང་བརྒྱ་དང་གོ་གཉིས་དང་མི་བཞི་བརྒྱ་དགུ་བཅུ་དང་འབྲེལ་བ་ཡོད”ཅེས་འོམ་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་རིག་བཟང་རྒྱལ་གྱིས་དེ་ལྟར་བཤད།

2021ལོའི་ཟླ6པ་ནས་བཟུང་། ཞིང་ཆེན་དང་ཁུལ་དང་རྫོང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དཀོན་ལོ་གོང་མ་སྡེ་བས་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་པས། སྡེ་བ་ཡོངས་ཀྱི་གོང་འོག་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཤིང་ངར་ཤུགས་རབ་ཏུ་རྒྱས། ཚན་རིག་དང་མཐུན་པའི་འཆར་འགོད་དང་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། སྲོལ་རྒྱུན་གྱི་ཕྱུགས་ལས་དེ་རྣམ་པ་གསར་པའི་གྲོང་གསེབ་ཡུལ་སྐོར་དང་། ཁྱད་ཆོས་ལྡན་པའི་ཕྱུགས་ལས་སུ་བསྒྱུར་ཞིང་། གསར་བརྗེའི་ཞིབ་འཇུག་རིག་གཞུང་དང་། ཁྱད་ལྡན་ཡུལ་སྐོར། ནུས་མཐོའི་ཕྱུགས་ལས་གསོ་སྤེལ། སྦི་རག་བསྙལ་ནས་ལས་སྣོན་བྱེད་པ། ཕྱུགས་ལས་ཐོན་རྫས་ལས་སྣོན། ཇུས་འགོད་གསར་སྤེལ་སོགས་ཁྱབ་ཁོངས་མང་པོ་མཉམ་གཅིག་ཏུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་ཡོད།

ལོ་གཉིས་ཀྱི་རིང་ལ། དཀོན་ལོ་གོང་མ་སྡེ་བས“ཐོན་ལས་སྐུལ་འདེད་བྱ་བའི་རུ་ཁག་དང་། སྡེ་བའི་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་། ཞིང་ཕྱུགས་ལས་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར། འབྲོག་ཁྱིམ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ལྟར། རྐང་ཚའི་ཚ་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སོགས་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་གྱི་མ་གཞི་གཙོ་བོ་མང་པོ་ཞིག་སྐྱེད་སྲིང་བྱས་པ་དང་། སྲིད་ཇུས་དང་། མི་ཤུགས། ཐོན་ཁུངས། ལག་རྩལ། ཉོ་ཚོང་སོགས་རྩ་བའི་རྒྱུ་རྐྱེན་མང་པོ་ཞིག་ཕྱོགས་བསྡུས་བྱས་ནས་དུས་འཁོར་ཧྲིལ་པོ་དང་། རྒྱུ་རྐྱེན་གཙོ་བོ། བརྒྱུད་རིམ་ཧྲིལ་པོ་ཅན་གྱི་ཞབས་ཞུའི་ལས་སྟེགས་བཏོད་དེ་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་རྒྱ་ཆེར་བཏང་ཡོད།

དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་བཤད་རྒྱུར།“ན་ནིང་གི་ལོ་མཇུག་ཏུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་འབུམ་བཞི་དང་ཁྲི་གཅིག་ལ་སླེབས་པ་དང་། སྡེ་མིར་ཐད་ཀར་ཡོང་སྒོ་སྒོར་མོ་འབུམ་གཉིས་དང་ཁྲི་དྲུག་སྟོང་བརྒྱད་ལྷག་ཐོབ་ཡོད། སྡེ་བ་རིམ་པའི་ཉི་འོད་གློག་འདོན་ཡོང་སྒོ་སྒོར་མོ་ས་ཡ་གཅིག་ལྷག་ཙམ་ཡོད། མ་དངུལ་སྒོར་མོ་འབུམ་བཞི་དང་ཁྲི་དྲུག་སྟོང་བརྒྱད་བཏང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་རེ་ལྔ་བཏོད་ཡོད། ད་ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་ལས་བརྒལ་ཐུབ་པའི་རེ་བ་ཡོད”ཅེས་བཤད།

ཡིག་ཆ་ལས་མངོན་པ་ལྟར་ན། 2022ལོའི་ལོ་མཇུག་བར་དཀོན་ལོ་གོང་མ་སྡེ་བའི་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་གཞི་བདུན་དོན་འཁྱོལ་བྱས་པར་སྦྲེལ་མཐུད་སྐུལ་འདེད་བྱས་ཤིང་། སྐུལ་འདེད་ཀྱི་འཕེལ་རིམ་ཡང་དམིགས་ཚད་དུ་སླེབས་ཡོད། ད་ལོར་སྡེ་བ་འདིས་གསོག་འཇོག་བྱས་པའི་ལས་གཞི་གལ་ཆེན་ལྔ་ལ་གོ་རིམ་དང་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

“ལས་གཞི་ཁག་རེ་རེ་གྲུབ་སྟེ་བེད་སྤྱོད་བཏང་བ་དེས་སྡེ་བ་རིམ་པའི་དཔལ་འབྱོར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ང་ཚོས་ལས་གཏོད་མཁན་སྔར་ལས་མང་པོའི་རིག་ལམ་བསྒྱུར་ཏེ། བྱ་བ་སོ་སོའི་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་པར་སྐུལ་མ་གཏོང་བ་དང་། མགོ་འཛུགས་ས་གསར་པ་དང་འཐབ་ལམ་གསར་པའི་སྟེང་གྲ་སྒྲིག་ཕུམ་སུམ་ཚོགས་པ་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་ཡིན”ཞེས་རིག་བཟང་རྒྱལ་གྱིས་ཡིད་ཆེས་ཆེན་པོའི་སྒོ་ནས་དེ་ལྟར་བཤད།

“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཟུང་ཞིང“ཞིང་ཆེན་གྱི་གལ་ཆེའི་དོན་ཆེན”ཁོང་དུ་ཆུད་པར་བྱས་ནས། དཀོན་ལོ་གོང་མ་སྡེ་བས“སྐྱེ་ཁམས་ཀྱིས་དམངས་ལ་ཕན་འདོགས་པ་དང་སྐྱེ་ཁམས་ཀྱིས་དམངས་ལ་ཁེ་ཕན་སྐྲུན་པ། དམངས་ཀྱི་ཆེད་དུ་སྐྱེ་ཁམས་སྲུང་བའི”འདུ་ཤེས་ཏན་ཏིག་གིས་ལག་བསྟར་བྱས་ཤིང་། གོ་ཆོད་པའི་བྱེད་ཐབས་ལ་བརྟེན་ནས། སྡེ་བའི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་ཁྲོད་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་འབྱུང་དུ་འཇུག་དགོས།

“ལོ་གཉིས་ཀྱི་རིང་ལ། དཀོན་ལོ་གོང་མ་སྡེ་བས་སྐྱེ་ཁམས་དཔལ་ཡོན་བྱ་བའི་རུ་ཁག་དང་། སྡེ་བ་རིམ་པའི་ཆུ་དཔོན་མཚེའུ་དཔོན་དང་ནགས་དཔོན་རྩྭ་དཔོན་སོགས་ཀྱི་འགན་འཁྲིའི་མ་ལག་གིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ཏེ། རྩྭ་ཐང་སྤྱི་ཆིང་ཁྲི་དྲུག་ལས་བརྒལ་བ་ཞིག་གི་ཨ་བྲའི་གནོད་འཚེ་བཀག་ཅིང་། སྤྱི་ལེ་སུམ་ཅུ་ཡི་ཆུ་དང་མཚེའུ་ལ་སྐོར་ཞིབ་བྱས། དེ་དང་མཉམ་དུ། ང་ཚོས་སྡེ་བའི་ནང་དུ་འགྱིག་རིགས་བཀག་པ་དང་། གད་སྙིགས་རིགས་དགར་བ་སོགས་ཀྱི་བྱ་བ་ནན་ཏན་གྱིས་ཡག་པོར་བསྒྲུབས་པས། སྡེ་བའི་སྣང་བརྙན་སྔར་ལས་ཇེ་ལེགས་སུ་སོང་བ་དང་། གསང་སྤྱོད་ཁང་གི་ཁེབས་ཚད23%མི་ལོངས་པ་ནས70%བར་དུ་འཕར”ཞེས་བསོད་ནམས་ཚེ་བརྟན་གྱིས་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་ལྷུག་པོར་བརྗོད་བྱུང་།

སྐྱེ་ཁམས་དང་གཞིས་ཆགས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་སྟེ། དཀོན་ལོ་གོང་མ་སྡེ་བས་ལྗང་མདོག་གི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པར་རྨང་གཞི་བཏིངས་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པའི་དུས་མཚུངས་སུ། སྡེ་མི་ཡོངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་སྔར་ལས་བརྟན་པོར་གྱུར།

“ང་ཚོས་སྡེ་གྲོང་འཛུགས་སྐྲུན་གྱི་འཆར་འགོད་ལ་མུ་མཐུད་དུ་དམ་པོར་དམིགས་པ་དང་། གསར་བརྗེའི་ཐོན་ཁུངས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ། དཀོན་ལོ་གོང་མ་སྡེ་བ་རྐང་ཚའི་གསར་བརྗེའི་ཡུལ་སྐོར་གྱི་མིང་བྱང་གསར་པ་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། ‘ཏང་འཛུགས་དང་། གྲོང་གསེབ་ཡུལ་སྐོར’ཟུང་འབྲེལ་བྱས་ནས་དེ་ཉིད་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ནང་བཅུག་སྟེ། དཀོན་ལོ་གོང་མ་སྡེ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོར་འདེགས་བྱེད་རྒྱུ་ཡིན”ཞེས་འབྱུང་འགྱུར་གྱི་འཆར་འགོད་གླེང་སྐབས་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཞན་པོ་ཡིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།