སྐྱེ་ཁམས་བདག་སྐྱོང་པས་རི་དྭགས་གཙོད་ལ་སྲུང་སྐྱོབ་ལེགས་པོ་བྱས།
2023.09.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་ཆུ་དམར་འགྲམ་གྱི་ཁོད་ཡངས་པའི་རྩྭ་ཐང་དུ། རྟ་རྒྱུག་འགྲན་སྡུར་སྤེལ་བཞིན་ཡོད་ལ། དེ་ནི་ཡུལ་ཚོ་ཡོངས་ཀྱི་འབྲོག་པ་རྣམས་ལྷན་དུ་འཛོམས་པའི་གསོལ་སྟོན་ཆེན་མོ་ཞིག་རེད།

“ད་ལོའི་གཙོད་ཕྱིར་ལོག་མགོ་བརྩམས་བྱུང་བས། རྟ་རྒྱུག་འགྲན་སྡུར་གྱི་རྗེས་སུ་ཁོམ་ལོང་ཡོད་རྒྱུ་མ་རེད།”

“རྟ་རྒྱུག་འགྲན་སྡུར་མཇུག་རྫོགས་རྗེས། ང་ཚོ་མཉམ་དུ་སྐོར་སྲུང་བྱེད་དུ་སོང་སྟེ། ད་ལོའི་བཙས་མ་ཐག་པའི་གཙོད་ཕྲུག་ལ་སྲུང་སྐྱོབ་བྱེད་དགོས།”

“ངས་སྐྱེ་ཁམས་བདག་སྐྱོང་པ་གཞན་དག་ལ་བརྡ་བཏང་ཟིན། སྐབས་དེར་ང་ཚོ་ཚན་ཆུང་གསུམ་དུ་བགོས་ནས་གཙོད་གནས་ཡུལ་སྤོ་སའི་ལམ་བར་ནས་སྒུག་དགོས།”

ཁ་བརྡ་བྱེད་ཀྱིན་པའི་མི་དེ་གཉིས་ནི་ཆུ་དམར་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་པ་ཡིན་ཞིང་། གཅིག་ནི་ལི་ཁྲི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་སྐལ་བཟང་ཡིན་ལ། ད་ལོ་ལོ65ལ་བུད་ཡོད་པ་དང་། ཐའོ་ཧྭ་ཡོན་སྐོར་སྲུང་པའི་གཟེངས་རྟགས་ཐོབ་མྱོང་།གཞན་དེ་ནི་མདོ་ཕྱུགས་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་སྒྲོལ་མ་སྐྱབས་ཡིན་ལ། ད་ལོ་ལོ34ཡིན་པ་དང་། སི་པ་ལུའུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཐོབ་མཁན་ཡིན་པར་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བྱ་དགའ་འདི་ཐོབ་པའི་སྐྱེ་ཁམས་བདག་སྐྱོང་པ་ཐོག་མ་རེད།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་གཙོད་ཀྱི་ཆེད་དུ་ཁོ་གཉིས་བློས་ཐུབ་ཀྱི་གྲོགས་པོར་གྱུར་བ་རེད།

སྐལ་བཟང་ཚང་སྡོད་སའི་ལི་ཁྲི་སྡེ་བ་ནི་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་གནས་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ལྟེ་གནས་ཁུལ་དུ་ཡོད། ཡུལ་ཁོངས་སུ་ཕུན་སུམ་ཚོགས་པའི་བརླན་ས་དང་མཐོ་འཁྱག་ན་སྤང་སོགས་རང་བྱུང་ཐོན་ཁུངས་མང་པོ་ཡོད་པས། རི་དྭགས་གཙོད་དང་འབྲོང་། ཤྭ་བ་མཆུ་དཀར་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས20ལྷག་གི་འཚོ་གནས་ཡིན་ལ། ལི་ཁྲི་ཐང་ནི་གཙོད་ཀྱི་གཞིས་ཁྱིམ་དུ་གྱུར་ཡོད།

ལོ་རེའི་དཔྱིད་ཀར། གཙོད་སྟོང་ཕྲག་ཁ་ཤས་ཤིག་ལི་ཁྲི་རྩྭ་ཐང་ནས་ཨ་ཆེན་གངས་རྒྱབ་ཀྱི་ཉི་མ་མཚོ་དང་འབྲོང་ནག་མཚོ་གཉིས་ཀྱི་ཕྱོགས་སུ་སོང་སྟེ། ལོ་རེའི་གནས་ཡུལ་སྤོ་མགོ་རྩོམ་པ་དང་། དེ་ནི་ལི་ཁྲི་རྩྭ་ཐང་གི་ཆེས་ཆེ་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་ལ། བརྗིད་ཉམས་ཆེ་ལ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་མཛེས་རིས་ཤིག་ཀྱང་ཡིན།

2007ལོ་ནས་བཟུང་། ལི་ཁྲི་སྡེ་བའི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་ཆེད། སྐལ་བཟང་གིས་འབྲོག་པ་རྣམས་ཀྱི་སྣེ་ཁྲིད་དེ་གཙོད་ལ་སྲུང་སྐྱོབ་བྱེད་པའི་མཐུན་ཚོགས་ཤིག་བཙུགས་པས། གཙོད་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད། གཙོད་ཀྱི་འཚོ་གནས་ལའང་ནུས་ལྡན་གྱིས་སྲུང་སྐྱོབ་བྱས།

2016ལོའི་ཟླ4པར། གཙོད་གནས་ཡུལ་སྤོ་མགོ་བརྩམས་མ་ཐག སྐལ་བཟང་དང་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་རྣམས་གཙོད་ཀྱི་རྗེས་བསྙེགས་ཏེ། གཙོད་རྣམས་བདེ་འཇགས་ཀྱི་ངང་ནས་མཚོ་བོད་ལམ་ཐིག་བརྒལ་བའི་བར་དུ་སྐྱེལ་མ་བྱས།

“ང་ཚོའི་སྡེ་བར་གཙོད་གནས་ཡུལ་སྤོ་བའི་བགྲོད་ལམ་གསུམ་ཡོད་ལ། དེ་དག་ནི་སྨུག་སིལ་དང་བེ་རི་གོང་མ། ཁུག་ལྕགས་བཅས་ཡིན། གཙོད་གནས་ཡུལ་སྤོ་བའི་ལམ་བར་དུ་དེ་ཚོར་འདྲོགས་མི་སློང་བའི་ཆེད་དུ། ང་ཚོ་ཐག་རིང་ནས་རྗེས་དེད་པ་ཡིན། གལ་ཏེ་གཙོད་ཀྱི་བགྲོད་ལམ་ལྕགས་རས་བཀག་ཚེ། ང་ཚོས་དུས་ཐོག་ཏུ་ལྕགས་ར་བཅད་དེ་ཁོ་ཚོ་བདེ་འཇགས་ངང་འགྲོ་རུ་བཅུག་པ་ཡིན། གཙོད་གནས་ཡུལ་སྤོ་བའི་ལམ་བར་དུ་ད་དུང་ཆུ་བོ་མང་པོར་བརྒལ་དགོས་པ་སྟེ། དཔེར་ན་ཆུ་དམར་ཆུ་བོ་སོགས་ཀྱི་ཆུ་ཆེན་བརྒལ་བའི་སྐབས་སུ་གཙོད་ཕྲུག་རྣམས་ཆུས་འཁུར་སླ་བ་དང་། སྐབས་དེར་སྤྱང་ཚོགས་ཀྱིས་ཆུ་སྨད་དུ་བསྒུགས་ནས་ཡོད་པས། ང་ཚོའི་ལས་འགན་ནི་ཆུས་ཁུར་བའི་གཙོད་ཕྲུག་རྣམས་དུས་ཐོག་ཏུ་བསྐྱབ་རྒྱུ་དེ་ཡིན”ཞེས་རྟ་རྒྱུག་ར་བའི་སྦྲ་གུར་དུ། སྐལ་བཟང་གི་གནག་ཅིང་སྣུམ་པའི་གདོང་ལ་ཆོད་སེམས་བརྟན་པོ་བཅངས་ཡོད་པའི་ཉམས་ཤིག་ཤར་འདུག

ལོ་རེའི་དབྱར་ཁ་དང་སྟོན་ཁར། གཙོད་གནས་ཡུལ་སྤོ་བ་དང་ཕྱིར་ལོག་པར་སྲུང་སྐྱེལ་བྱས་པ་དང་། དགུན་དཔྱིད་དུས་ཚིགས་ནི་གཙོད་ཀྱི་གནས་སར་སྐོར་ཞིབ་དང་གཙོད་ཀྱི་གྲངས་ཀར་བསྡོམས་རྩིས་བླངས་པ་ཡིན། 2022ལོའི་ཟླ12པར། སྐལ་བཟང་གིས་སྐོར་ཞིབ་བྱེད་པའི་སྐབས་སུ། ཁ་རྒྱ་ཐང་དུ་རྨས་སྐྱོན་ཕོག་པའི་གཙོད་ཅིག་རྙེད། ཁོས་རྨས་སྐྱོན་ཕོག་པའི་གཙོད་དེའི་སྲོག་བསྐྱབས་ཏེ་སྡེ་བའི་ནང་དུ་འཁྱེར་ཡོང་བ་དང་། སྡེ་བའི་སྨན་པར་དུག་སེལ་བྱེད་དུ་བཅུག་པ་དང་རྨ་ཁ་དཀྲིས་རྗེས། རང་ཁྱིམ་གྱི་ར་སྐོར་ནང་དུ་གཟའ་འཁོར་གཅིག་ཡས་མས་ལ་གསོ་སྐྱོང་བྱས་རྗེས་ཕྱིར་བཏང་བ་རེད།

“གནས་འདི་ནས་འཕྲད་པའི་གཙོད་རྨས་མ་མང་ཆེ་ཤོས་ནི་ཕོ་གཙོད་ཡིན་པ་དང་། རྨས་ཕོག་དོན་ནི་ཟླ་བོ་འཕྲོག་རྩོད་བྱེད་ཆེད་རེད། སྲོག་བསྐྱབས་པའི་གཙོད་དེར་མཚོན་ནའང་། སྐེ་ལ་གཙོད་རྭས་གཙགས་ཏེ་ཁུང་བུ་ཕུགས་འདུག དང་ཐོག་ང་ཚོས་སྲོག་སྐྱོབ་ཐབས་མེད་པར་འདོད་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གཙོད་དེ་གསོན་བྱུང”ཞེས་སྐལ་བཟང་གིས་དེ་ལྟར་བཤད།

སྐལ་བཟང་ལ་བཅར་འདྲི་བྱེད་སྐབས། ཁོས་ཁུག་མའི་ནང་ནས་གཙོད་ཀྱི་གྲངས་ཀ་བསྡོམས་རྩིས་བླངས་པའི་ཟིན་བྲིས་ཤིག་བླངས་ཤིང་། ཁོས་ནམ་ཡང་ཟིན་བྲིས་དེ་ཁུག་མར་བཅུག་ཡོད།

2008ལོའི་ཟླ12པའི་ཚེས1ཉིན། གཙོད་ཀྱི་གྲངས་ཀ678ཡོད་པ་དང་། 2009ལོའི་ཟླ12པའི་ཚེས1ཉིན། གཙོད་ཀྱི་གྲངས་ཀ788ལ་བུད་པ་དང་། 2010ལོའི་ཟླ12པའི་ཚེས1ཉིན། གཙོད་ཀྱི་གྲངས་ཀ947ཡོད་ལ། དེ་ནས2022ལོའི་ཟླ12པའི་ཚེས1ཉིན། གཙོད་ཀྱི་གྲངས་ཀ12034ལ་སླེབས་ཡོད། ལོ་བཅུ་ཕྲག་འགའི་ནང་དུ། གཙོད་ཀྱི་གྲངས་ཀ་བསྡོམས་རྩིས་བྱེད་མཚམས་བཞག་མ་མྱོང་ལ། གཙོད་ཀྱི་གྲངས་ཀའང་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད། ཐོག་མར་གཙོད་གྲངས་ལེན་སྐབས་ཀྱི་སྟོང་ཁ་མི་ལོངས་པ་ནས་ད་ལྟའི་ཁྲི་ལས་བརྒལ་བ་འདིས། གཙོད་ཀྱི་འཚོ་གནས་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པ་དང་། སྐྱེ་ཁམས་བདག་སྐྱོང་པའི་ལྟ་སྲུང་གོ་ཆོད་ཡིན་པ་མཚོན་ཡོད།

“ལོ་རེའི་ཟླ12པར། གཙོད་རྣམས་མཉམ་དུ་འཛོམས་ཡོད་པས། སྐབས་དེར་བསྡོམས་རྩིས་བྱས་ན་བསྐྱར་རྩིས་བྱེད་པར་གཡོལ་ཐུབ”ཅེས་སྐལ་བཟང་གིས་གཙོད་ཀྱི་གྲངས་ཀ་བསྡོམས་རྩིས་བླངས་པའི་ཟིན་བྲིས་སྟེང་གི་དུས་ཚོད་བསྟན་ནས་འགྲེལ་བཤད་བྱས་བྱུང་།

ལོ་རེའི་ཟླ12པར། གཙོད་ཀྱི་གྲངས་ཀར་བསྡོམས་རྩིས་ལེན་པའི་སྐབས་སུ། སྐལ་བཟང་གིས་གཙོད་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཁོངས་མི་གཞན་དག་དང་མཉམ་དུ་ཚན་ཆུང་འགའ་རུ་བགོས་ཏེ། གཙོད་འཚོ་གནས་བྱེད་སར་སོང་ནས་ཞིབ་རྩིས་བླངས་པར་མ་ཟད་འདྲ་པར་བླངས་པ་རེད། དགོང་མོ་ཕྱིར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་གཞུང་ལས་ཁང་དུ་ལོག་རྗེས་ཚན་ཆུང་སོ་སོའི་གྲངས་ཀ་སྤྱི་བསྡོམས་བྱས། བསྐྱར་རྩིས་ལེན་པ་སྔོན་འགོག་བྱ་ཆེད། པར་བླངས་པའི་གཙོད་ཀྱི་འདྲ་པར་རེ་རེ་བཞིན་ཞིབ་བསྡུར་བྱས་པ་རེད།

མདོ་ཕྱུགས་སྡེ་བ་དང་ལི་ཁྲི་སྡེ་བ་གཉིས་ཀྱི་བར་ཐག་ཧ་ཅང་རིང་ནའང་། སྐལ་བཟང་དང་སྒྲོལ་མ་སྐྱབས་གཉིས་ནི་གཙོད་ཀྱི་དབང་གིས་གྲོགས་པོར་གྱུར་ཡོད། ལོ་རེའི་གཙོད་གནས་སྤོ་སྐབས་མདོ་ཕྱུགས་སྡེ་བ་ངེས་པར་བརྒྱུད་པ་དང་། གཙོད་ཁ་ཤས་ཤིག་མདོ་ཕྱུགས་སྡེ་བར་འཚོ་སྡོད་བྱེད་སྲིད། དེ་བས་སྒྲོལ་མ་སྐྱབས་ནི་གཙོད་གནས་སྤོ་བའི་ལམ་གྱི་སྐྱེལ་མ་བྱེད་མཁན་དུ་གྱུར་ཡོད།

ཆུ་དམར་ཡུལ་ཚོ་མདོ་ཕྱུགས་སྡེ་བའི་ས་ཁོངས་མང་ཆེ་ཤོས་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་ཁུལ་དུ་ཡོད་པ་དང་། སྡེ་བ་ཡོངས་ཀྱི་ཕྱུགས་ལས་ཁང་གསུམ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཅིག་ཡོད་ལ། རྩྭ་ཐང་གི་ནུབ་བྱང་རྒྱུད་ནི་ཨ་ཆེན་གངས་རྒྱབ་དང་འབྲེལ་ཡོད་པར་མ་ཟད། མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་གཉིས་ཀ་དེའི་སྟེང་ནས་བརྒྱུད་དགོས། ནུབ་ཕྱོགས་ཀྱི་མཐའ་སྣེ་ནི་དྲེད་མོང་གློ་བ་དང་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་གནས་ཡིན་པའི་ཨ་ཆེན་གངས་རྒྱབ་སྨུག་པ་ལ་སྒང་གི་སྲུང་སྐྱོབ་ས་ཚིགས་དང་འབྲེལ་ཡོད།

2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་རྗེས། སྒྲོལ་མ་སྐྱབས་ནི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར། སྐོར་ཞིབ་ཏུ་འགྲོ་ཐེངས་རེར། སྒྲོལ་མ་སྐྱབས་ཀྱིས་ནམ་ཡང་རང་ཉིད་ཆེས་དགའ་བའི་པར་ཆས་དེ་ལག་ཏུ་བཟུང་ཡོད། པར་ཆས་དེ་ནི་ཁོ་རང་གི་གླ་ཕོགས་བཀོལ་ཏེ་ཉོས་པ་རེད། སྐོར་ཞིབ་བྱེད་པའི་སྐབས་སུ་མཐོང་བའི་གཙོད་དང་གསའ། དྲེད་མོང་། རྐྱང་སོགས་ཀྱི་སྲོག་ཆགས་མང་པོ་པར་དུ་བླངས་ཡོད་པར་མ་ཟད། ད་དུང་དེ་ཚོའི་རྗེས་དེད་དེ་འགུལ་སྐྱོད་ཀྱི་ཁྱབ་ཁོངས་དང་འགྲོ་འོང་གི་ལམ་ཐིག་བཅས་ལ་རྒྱུས་ལོན་བྱས་ཏེ་གོམས་གཤིས་ལ་ལྟ་ཞིབ་གསལ་པོ་བྱས་ཡོད།

ལོ་འདི་དག་ལ་སྐོར་ཞིབ་བྱས་པ་བརྒྱུད། སྒྲོལ་མ་སྐྱབས་ཀྱིས་སྐོར་ཞིབ་ལམ་རྒྱུད་ཀྱི་རྩྭ་རའི་སྐྱེ་ཁམས་འགྱུར་ལྡོག་དང་རི་སྐྱེས་སྲོག་ཆགས་ཀྱི་ཁྱབ་ཚུལ་སོགས་ཁོང་དུ་ཆུད་ཡག་བྱས་ཡོད་པས། ས་གནས་དེ་གའི“ས་ཁྲ་གསོན་པོར”གྱུར་ཡོད།

པར་ཆས་ཡོད་པའི་རྐྱེན་གྱིས། སྒྲོལ་མ་སྐྱབས་སྐོར་ཞིབ་ཏུ་འགྲོ་ཐེངས་རེར་ལམ་ཐག་རིང་པོར་འགྲོ་བ་དང་། འདྲ་པར་རྩ་ཆེན་མང་པོ་བླངས་པར་མ་ཟད། རི་སྐྱེས་སྲོག་ཆགས་མང་པོར་འཕྲད་མྱོང་། 2021ལོའི་ཟླ8པར། སྒྲོལ་མ་སྐྱབས་ཀྱིས་མདོ་ཕྱུགས་སྡེ་བའི་ཆུ་དམར་ཐང་དུ་སྐོར་ཞིབ་བྱེད་སྐབས། གཙོད་མ་དང་ཁ་ཐོར་བའི་གཙོད་ཕྲུག་ཅིག་ཁེར་རྐྱང་དུ་ལུས་འདུག་པ་མཐོང་།

སྒྲོལ་མ་སྐྱབས་ཀྱིས་ཁེར་རྐྱང་དུ་ལུས་པའི་གཙོད་ཕྲུག་དེ་དེ་ལྟར་བསྐྱུར་ན་ཅུང་མི་འགོར་བར་སྤྱང་ཀིའི“ཁ་ཟས”སུ་འགྱུར་རྒྱུ་ཡིན་པ་གསལ་པོར་ཤེས་ཡོད། དེ་བས་ཁོས་གཙོད་ཕྲུག་རང་ཁྱིམ་དུ་འཁྱེར་ཡོང་ནས་འོ་མས་གསོས་པ་དང་། ཉིན་རེར་སྐོར་ཞིབ་བྱེད་སྐབས་གཙོད་ཕྲུག་ཁྲིད་དེ་གཙོད་མ་བཙལ་བ་རེད།

“གཙོད་ཕྲུག་དེ་བཙས་ནས་ཉིན་བཅུ་ཁ་ལས་འགོར་མེད་པས། ངས་ཉིན་རེར་གཙོད་ཕྲུག་རྩྭ་ཐང་དུ་ཁྲིད་དེ་ཉེ་འཁོར་གྱི་གཙོད་ཁྱུའི་ཁྲོད་བཏང་བ་ཡིན། གལ་ཏེ་གཙོད་ཕྲུག་དེ་གཙོད་ཁྱུའི་རྗེས་མ་དེད་ན། དེའི་གཙོད་མ་གཙོད་ཁྱུ་དེའི་ཁྲོད་དུ་མེད་པ་མཚོན་ཡོད”ཟེར། འདི་ནི་སྒྲོལ་མ་སྐྱབས་ཀྱི་གཙོད་མ་བཙལ་སྟངས་ཤིག་རེད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པ་ལྟར། ཉིན་གསུམ་པར་སྒྲོལ་མ་སྐྱབས་ཀྱིས་གཙོད་ཕྲུག་དེ་གཙོད་ཁྱུའི་ཁྲོད་བཏང་རྗེས། གཙོད་ཕྲུག་དེ་གཙོད་མོ་ཞིག་གི་རྗེས་སུ་ཤ་འདེད་ཤུར་འདེད་བྱེད་ཀྱིན་པ་མཐོང་བས། སྒྲོལ་མ་སྐྱབས་ཀྱི་སེམས་གཞི་ནས་བདེ་ལ་བབས་བྱུང་།

ལོ་རེའི་ཟླ8པར། རི་དྭགས་གཙོད་ནི་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་ཁུལ་ནས་མཚོ་བོད་གཞུང་ལམ་འཕྲེད་ཀྱིས་བཅད་དེ་དགུན་སར་ལོག་བཞིན་ཡོད། ལམ་བར་དུ་རྒྱུན་པར་རྨས་སྐྱོན་ཕོག་པ་དང་ཁེར་རྐྱང་དུ་ལུས་པའི་གཙོད་ཕྲུག་མཐོང་ལ། དུས་དེ་ནི་སྒྲོལ་མ་སྐྱབས་བྲེལ་བ་ཆེས་ཆེ་བའི་དུས་རེད།

ལོ་འདི་དག་གི་རིང་ལ། སྒྲོལ་མ་སྐྱབས་ཀྱིས་རིམས་བསགས་བྱས་ན་གཙོད5དང་རྐྱང2ཀྱི་སྲོག་བསྐྱབས་མྱོང་།

གཙོད་ལ་མཚོན་ནའང་ཁོ་ཚོ་ནི་ལས་ཅན་ཞིག་ཅི་ལ་མིན། རྒྱུ་མཚན་ནི་སྐལ་བཟང་དང་སྒྲོལ་མ་སྐྱབས། དེ་མིན་ད་རུང་སྒེར་སེམས་མེད་པར་སྐྱེ་ཁམས་སྲུང་སྐྱོབ་སེམས་སུ་བཅངས་མཁན་གྱི་སྐྱེ་ཁམས་བདག་སྐྱོང་པ་མང་པོ་ཞིག་ཡོད་པས་སོ། དོན་དངོས་སུ། གཙོད་དང་མཉམ་དུ་ལྟ་སྲུང་རོགས་རེས་བྱེད་པའི་ཁྲོད། གཙོད་རྣམས་གནས་འདིར་འཚོ་སྡོད་བྱས་པ་ལས། འབྲོག་པ་དང་མཚོ་བོད་མཐོ་སྒང་ལ་ཡང་སོ་སྲུང་རོགས་རེས་བྱས་ཡོད་ལ། མིའི་རིགས་ལ་ཡང་སྐྱེ་ཁམས་སྲུང་སྐྱོབ་བྱས་པ་ལས་ཕན་ཁེ་མང་པོ་བསྐྲུན་ཡོད།


ཡིག་སྒྱུར་བ། ཤ་བོ་རིན་མཚོ།