མཚོ་བྱང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་རོང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་རྒྱུན་མཐུད་ངང་ཇེ་མང་དུ་བཏང་།
2023.09.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་ཕྱོགས་གཏོད་པ་དང་། ཕུགས་རིང་དོན་གཉེར་བྱེད་པ། བྱ་ཐབས་གཏན་འཁེལ་བཅས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་རོང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་བཏང་།

ད་ལོར། མཚོ་བྱང་ཁུལ་གྱིས་ཞིང་ལས་སྐྱེ་དངོས་སྣ་ཚོགས་མུའུ་འབུམ་བརྒྱད་དང་ཁྲི་ལྔ་སྟོང་བདུན་བཞི་བརྒྱ་ལྷག་འདེབས་འཛུགས་བྱས་ཤིང་། དེའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་འབུམ་གསུམ་དང་ཁྲི་གསུམ་སྟོང་བདུན་བརྒྱད་བརྒྱ་ལྷག་དང་། སྣུམ་རྒྱུའི་སྐྱེ་དངོས་མུའུ་འབུམ་བཞི་དང་ཁྲི་གསུམ་སྟོང་གཅིག་ལྷག སྔོ་ཚལ་མུའུ་སྟོང་དགུ་དྲུག་བརྒྱ་ལྷག གཟན་རྩྭ་སོགས་ཞིང་ལས་སྐྱེ་དངོས་གཞན་དག་མུའུ་ཁྲི་བདུན་དང་སྟོང་བརྒྱད་སུམ་བརྒྱ་ལྷག་བཅས་ཡོད་པ་རེད། མཚོ་བྱང་ཁུལ་གྱིས《2023ལོའི་མཚོ་བྱང་ཁུལ་གྱི་ནོར་ལུག་བཤས་རར་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་དགའི་བྱེད་ཐབས》བཟོས་ནས་ལག་བསྟར་བྱས་པ་དང་། ཞིང་ཕྱུགས་ལས་རིགས་ཀྱི་གཞི་གྲངས་ཀྱི་སྡོམ་རྩིས་ལྟར་ན། ཟླ8པའི་ཟླ་མཇུག་བར། ཁུལ་ཡོངས་སུ་ནོར་ལུག་འབུམ་དགུ་དང་ཁྲི་གཉིས་བཤས་རར་བཏང་བ་དང་། དེའི་ནང་། ནོར་འབུམ་གཅིག་དང་ཁྲི་གཉིས་སྟོང་བཞི་ལྷག་དང་ལུག་འབུམ་བདུན་དང་ཁྲི་དགུ་སྟོང་ལྔ་ལྷག་ཡོད། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས102ལ་ཁས་ལེན་བྱས་ནས་གཙོ་ཁྲིད་ཐོན་རྫས་སྤུས་རྟགས་ཐོ་འགོད་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

མཚོ་བྱང་ཁུལ་གྱིས་ཁྱིམ་ཚང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་རྒྱུན་འཁྱོངས་བྱས་ནས་ཁྱིམ་ཚང་གཉེར་སྐྱོང་དང་། མཉམ་སྡེབ་གཉེར་སྐྱོང་། མཉམ་ལས་གཉེར་སྐྱོང་། ཁེ་ལས་གཉེར་སྐྱོང་སོགས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཞིང་ཕྱུགས་ལས་གཉེར་སྐྱོང་མ་ལག་གསར་པ་ཞིག་བཏོད་ཅིང་། ཟླ8པའི་ཟླ་མཇུག་བར། ཁུལ་ཡོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང332དང་ཁྱིམ་ཚང་གི་ཞིང་ཕྱུགས་ར407སྐྱེད་སྲིང་བྱས་ཏེ། རོང་འབྲོག་པའི་དུད་ཚང་སྟོང་གཉིས་བརྒྱད་བརྒྱ་གོ་ལྔ་ཡི་མི་གྲངས་སྟོང་དགུ་ལྷག་ཙམ་ལ་སྣེ་ཁྲིད་བྱས།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུར་བརྟེན་ནས་མཚོ་བྱང་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་དོན་བདུན་གྱིས་ཁྱོན་སྡོམ་དབུལ་ཐར་ཁྱིམ་ཚང་གི་མི་ཐེངས་སྟོང་གཅིག་བརྒྱད་བརྒྱ་བཅུ་གཅིག་ལ་སྐུལ་ཁྲིད་བྱས་པས་ཡོང་འབབ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་བཞི་ཁྲི་གསུམ་འཕར་སྣོན་བྱུང་ཡོད།

སྲིད་གཞུང་གིས་ལས་སྟེགས་བསྐྲུན་པ་བརྒྱུད་མཚོ་བྱང་ཁུལ་གྱིས་གཙོ་གནད་ཁེ་ལས་དང་བཟའ་བཏུང་ཁེ་ལས་ཆེ་གྲས་དང་། མགྲོན་ཁང་། ཚོང་ཁྲོམ། རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་གི་ཡུལ་ཟོག་ཆེད་ཚོང་ཁང་སོགས་གཉེར་སྐྱོང་བྱེད་པོར་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་ཟིན་པའི་ཐོན་རྫས་མཁོ་སྤྲོད་ཀྱི་མངགས་ཐོ་འཇོག་རྒྱུར་གྲོས་མཐུན་ཡི་གེ་བྲིས་ཤིང་།  ཁ་གཏད་མཚོ་སྐྱོར་གྱི་གོ་སྐབས་གང་ལེགས་སྤྱད་དེ་སྔ་རྗེས་སུ་ཁེ་ལས13སྒྲིག་འཛུགས་བྱས་ནས། ཧྲན་ཏུང་དུ་མཚོ་བྱང་ཁུལ་གྱི་ཚོང་འགུགས་དངུལ་འདྲེན་དང་ཁྱད་ལྡན་ཁྱད་སྟོབས་ཐོན་རྫས་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་མཉམ་ལས་རྣམ་གྲངས13ལ་མིང་རྟགས་བཀོད་པ་དང་། མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་བརྒྱད་ཟིན་ཡོད། དེ་དང་ཆབས་ཅིག  དྲ་ཐོག་གི་ལོའི་ཚོང་ཟོག་དུས་ཆེན་དང་། དྲ་རྒྱའི་ཐད་གཏོང་ཕྱིར་འཚོང་། 5Gམཚོ་ཐོག་ཉོ་སྒྲུབ་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དྲ་རྒྱའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་ཟིན་པ་དང་། དེ་དུས་མཚུངས་ལས90%འཕར་ནས་མཚོ་བྱང་གི་ཐོན་རྫས་ཕྱིར་ཚོང་ཐབས་ལམ་སྔར་ལས་རྒྱ་ཆེར་བཏང་ཡོད།

ཁུལ་འདིས་ཁོངས་གཏོགས་ནང་གི་དངུལ་རྩའི་སྒྲིག་གཞིར་ཁྲིད་སྟོན་བྱས་ནས་ཁེ་ལས་ཆུང་ཕྲན་སོགས་དངོས་ཕུང་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། ཁེ་ལས་ཆུང་ཕྲན་དང་ཞིང་བ་ཁྱིམ་ཚང་སོགས་རིམ་པ་ཞན་པའི་དངུལ་བུན་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་བ་དང་། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད། ཟླ8པའི་ཟླ་མཇུག་བར། མཚོ་བྱང་ཁུལ་ཡོངས་ཀྱི་དངུལ་བུན་འཕར་ཚད10.54%ཟིན་པ་དང་། དེའི་ནང་། ཞིང་འབྲེལ་དངུལ་བུན་འཕར་ཚད8.14%ཟིན་ཡོད།  ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་དང་། ཁེ་ལས་ཆུང་ཕྲན་དང་ཞིང་བ་ཁྱིམ་ཚང་སོགས་རིམ་པ་ཞན་པའི་དངུལ་བུན་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་བ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ད་ལོ་ཁུལ་ཁོངས་གཏོགས་ནང་གི་ཁྲིམས་མིར་དངུལ་རྩའི་སྒྲིག་གཞིས་དངུལ་བུན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་དྲུག་བཏང་བ་དང་། དངུལ་བུན་བསྐྱར་གཏོང་གི་ལྷག་གྲངས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ཟིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།