མཛེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སེམས་ཀྱིས་སྲུང་དགོས།
2023.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

2016ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་བའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བྱུང་བའི་གཏམ་རྒྱུད་རེ་རེ་སྐད་འཕྲིན་གྲོགས་ཚོམས་སུ་ཐེངས་མང་པོར་བརྒྱུད་བསྐུར་བྱས་པ་དང་། དེ་ཡིས་རྒྱལ་ཁབ་སྤྱི་གླིང་ནང་གི་མཚོ་སྔོན་གྱི་གཏམ་རྒྱུད་མངོན་པར་མཚོན་ཡོད།

ཆེས་མཛེས་པའི་སྐྱེ་ཁམས་གཏམ་རྒྱུད། 

2017ལོའི་ཟླ10ཚེས19ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤེལ་བའི་སྨྱན་བྱད་སྒོ་འབྱེད་ཉིན་མོར་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བླངས་པའི་འདྲ་པར་ཞིག་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད་གསར་འགོད་པའི་དོ་སྣང་ཆེན་པོ་ཐོབ་པ་སྟེ། དེ་ནི་མཐོན་པོའི་རི་ལྡེབས་སུ། ངོ་གདོང་ཡོངས་སུ་བྱིས་པའི་མདངས་མ་ཡལ་བའི་གྲོགས་པོ་ཆུང་ཆུང་གསུམ་གྱིས་ལུས་སུ་འགྱིག་དམ་མང་པོ་ཐུར་དུ་དཔྱངས་པ་དང་ལག་ཏུ་འགྱིམ་དམ་མང་པོ་བཟུང་ཡོད་པ་དེ་རེད། 

ཁོ་ཚོ་ནི་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་འབྲོག་པ་ཡིན་ཞིང་། ཉིན་དེར་གྲོགས་པོ་ཆུང་ཆུང་གསུམ་པོ་ཕ་མའི་རྗེས་སུ་འབྲངས་ནས་རི་མགོར་བསྐྱོད་སྐབས། གང་བྱུང་དུ་གཡུགས་པའི་སྐོམ་ཆུའི་སྣོད་རྣམས་འཐུས་ནས་ལུས་སྟེང་དུ་བཀལ་བ་དང་། ཕྱིར་ཡུལ་ལ་ལོག་དུས་གཅིག་བསྡུས་སྒོས་ཐག་གཅོད་བྱས་པ་རེད།

རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་གླིང་ཁུལ་གྱི་སྡེ་བ་ཞིག་ཡིན་པ་དང་། ལོ་རེའི་དབྱར་ཐོན་དུས། སྡེ་བའི་བྱིས་པ་རྣམས་རང་གི་ཕ་མའི་རྗེས་སུ་འབྲངས་ནས་རི་འགོར་འགྲོ་བ་དང་། རང་གིས་ནུས་ཚོད་ཀྱིས་ཁོ་ཚོར་ལས་ཀ་ལས་རོགས་བྱེད་བཞིན་ཡོད། འདྲ་པར་དེ་ནི་ལོ་དགུ་ལ་སླེབས་པའི་བུ་ཆུང་རྟ་མགྲིན་སྐྱབས་ཡིན་པ་དང་། ཁོས་ལོ་བརྒྱད་ཡིན་པའི་རྟ་མགྲིན་ཡེ་ཤེས་དང་ལོ་དྲུག་ཡིན་པའི་གངས་དཀར་འཚོ་གཉིས་ཁྲིད་དེ་ཕ་མ་དང་མཉམ་དུ་རི་འགོར་སོང་ནས་གད་སྙིགས་འཐུ་སྐབས་པར་དེ་བསྐྱོན་པ་རེད།

“གད་སྙིགས་འཐུས་ནས་གཅིག་བསྡུས་ཀྱིས་ཕྱིར་བསྡུ་བ”དེ་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་གང་སར་མཐོང་ཐུབ་པའི་རྣམ་པ་ཞིག་ཡིན་པ་དང་། ཁྱིམ་མི་རྒན་པས་བྱིས་པ་ཁྲིད་དེ་འཐུ་བཞིན་ཡོད་པ་དང་། སློབ་གྲྭའི་དགེ་རྒན་གྱིས་སློབ་མ་ཁྲིད་དེ་འཐུ་བཞིན་ཡོད་ཅིང་། དེ་ལྟར་མིག་གིས་མཐོང་ཞིང་རྣ་བས་རྒྱུན་འཇགས་སུ་སོང་བའི་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མི་རེ་རེའི་སེམས་ཁོངས་སུ་ཟུག་ཡོད།   པར་དེ་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཀྱིས་བརྒྱུད་བསྐུར་བྱས་རྗེས། དྲ་གྲོགས་ཚོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་མི་རབས་ནས་མི་རབས་མང་པོའི་བར་ཕན་ཚུན་བརྒྱུད་སྤྲོད་བྱེད་པའི་སྐྱེ་ཁམས་འདུ་ཤེས་ཀྱི་རྣམ་པར་ཁས་ལེན་ཐོབ་ཅིང་། པར་འདི་ལ་དྲ་གྲོགས་ཚོས“ཆེས་མཛེས་པའི་སྐྱེ་ཁམས་མགུལ་རྒྱན”ཞེས་པའི་མིང་ཞིག་ཀྱང་བཏགས་ཡོད་པ་རེད།

“ཆེས་མཛེས་པའི་སྐྱེ་ཁམས་མགུལ་རྒྱན”གྱི་གཏམ་རྒྱུད་ལས་གཞན་ད་དུང་དྲ་གྲོགས་ཤིག་གིས“ཆེས་མཛེས་པའི་སློབ་གྲྭ”ཞེས་པའི་གཏམ་རྒྱུད་ཅིག་ཀྱང་བརྗོད་བཞིན་འདུག དེ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི་ལྟེ་གནས་སློབ་གྲྭ་རུ་བྱུང་བ་ཞིག་རེད།

གཙང་སྦྲ་དང་། ཁོར་ཡུག་གཙང་དག མེ་ཏོག་ལ་ཆུ་སྟོར་བ་སོགས་ནི་སློབ་གྲྭའི་ནང་ཉིན་རྒྱུན་མཐོང་ཐུབ་པའི་རྣམ་པ་ཞིག་ཡིན་ནའང་། མཚོ་འཕང་ལ་སྨིད་སྟོང་བཞི་ལྷག་ཡོད་པའི་འབའ་དགོན་ཡུལ་ཚོ་རུ་དགེ་རྒན་ཚོའི་སྣེ་ཁྲིད་ཀྱི་འོག་ཏུ། སློབ་མ་ཚོས་ཉིན་རེ་རེ་བཞིན་རྒྱུན་འཁྱོངས་བྱས་པ་བརྒྱུད། སྔོན་ཆད་སྡོང་བོ་གཅིག་ཀྱང་མེད་པའི་སློབ་ར་རུ་སྡོང་རྐང་རེ་རེ་གསོན་ཐུབ་པ་བྱུང་ཡོད།

བྱིས་པ་ཚོས་སེམས་ཞིབ་མོས་བདག་སྐྱོང་བྱས་པ་བརྒྱུད། ལོ་ལྔའི་རིང་ལ་སྡོང་བོ་གསོན་ཚད་བརྒྱ་ཆའི་གོ་ལྔའི་ཡན་ལ་སླེབས་པ་དང་། བྱིས་པ་ཚོའི་འབད་བརྩོན་ལ་གྲུབ་འབྲས་ཡོད་པར་གྱུར་ཅིང་། སློབ་གྲྭས་སྡོང་བོ་བཙུགས་པའི་ཉམས་མྱོང་དེ་ཡུལ་ཚོ་ཡོངས་སུ་རྒྱ་སྐྱེད་དུ་བཏང་། གྲགས་འགུལ་ཅི་ཡང་མེད་པའི་རང་བྱུང་སློབ་གསོའི་འོག་ཏུ། བྱིས་པ་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱིམ་ཚང་དུ་བསྐྱལ་བ་དང་ཆབས་ཅིག་ཏུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་དེ་མི་རེ་རེའི་སེམས་གཏིང་དུ་ཟུག་པར་བྱས།

ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱས།

མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་མཚོ་ངོགས་སུ། ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་ཁྱུ་དང་ཁྱུ་བྱས་ནས་འཕུར་ལྡིང་བྱེད་བཞིན་འདུག སྟོན་དུས་ཀྱི་རྨ་ཆུའི་འགོ་ཁུངས་སུ་བསྐྱོད་པ་ན། རི་བོ་སྟོང་གི་མཛེས་པ་མངོན་ཞིང་། ཆུ་ངོགས་སུ་གང་དགར་འཕུར་ལྡིང་གི་གར་ལ་རྩེན་བཞིན་འདུག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་འཇམ་དབྱངས་རྡོ་རྗེ་དང་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་བཅུ་ལྷག་གིས་རྨ་ཆུའི་འགྲམ་གྱི་བརླན་སར་སྐོར་ཞིབ་བྱས་པ་དང་། མིག་མདུན་གྱི་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་བཅུ་ལྷག་སྟེ། ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་ཕྲུ་གུ་ཁྲིད་དེ་ཁ་ཟས་འཚོལ་བཞིན་འདུག

རྨ་ཆུའི་འགོ་ཁུངས་ཀྱི་ཁྲུང་ཁྲུང་སྐེ་ནག་གླེང་བ་ན། འཇམ་དབྱངས་རྡོ་རྗེ་དང་ཁོང་གི་ལས་གྲོགས་རྣམས་ལ་སྐད་ཆ་མང་པོ་བཤད་རྒྱུ་ཡོད་པ་རེད། དེའི་རྒྱུ་མཚན་ནི། 2017ལོ་ནས་བཟུང་། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་ཆུ་འགོའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཆེད་མཁས་པའི་རྒྱབ་སྐྱོར་འོག ཁོ་ཚོས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཀྱི་འགུལ་སྤྱོད་སྤེལ་འགོ་ཚུགས་པ་རེད།

2017ལོའི་ཟླ6པར། འཇམ་དབྱངས་རྡོ་རྗེ་ཡིས་ལས་གྲོགས་ཞིག་གི་ས་ནས་ཆར་བ་ཆེན་པོ་ཐེངས་འགའ་བབས་པའི་རྗེས་སུ། མཚེའུས་ཆུ་རྒྱས་པ་དེས་ཁྲུང་ཁྲུང་སྐེ་ནག་གི་ཚང་ནང་གི་སྒོ་ང་ཆུས་བསྣུབས་པ་ཤེས། མ་གཞི་དེ་ནི་སྟེས་དབང་ཞིག་ཡིན་པར་སྙམ་རུང་། ལོ་གཉིས་པར་དོན་དག་དེ་ལྟ་བུ་ཡང་བསྐྱར་བྱུང་བས། འཇམ་དབྱངས་རྡོ་རྗེས་ལས་གྲོགས་ཚོ་དང་མཉམ་དུ་ཐབས་བཀོད་འཐེན་རྒྱུའི་ཐག་གཅོད་བྱས།

འཇམ་དབྱངས་རྡོ་རྗེས་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་བ་དང་། དཔྱད་གཞིའི་རྒྱུ་ཆར་ལྟ་ཀློག་བྱས་པ་དང་། ཆེད་མཁས་པ་གདན་དྲངས་ནས་འདྲི་རྟོགས་བྱས་རྗེས་ཐག་གཅོད་བྱས། བརླན་སར་བསྐྱོད་དེ་ཁྲུང་ཁྲུང་སྐེ་ནག་གི་ཚང་ཡོད་སའི་སྔོན་གྱི་གནས་དེ་རུ་ཁྲུང་ཁྲུང་སྐེ་ནག་ལ་མཚེའུ་ཡི་ཆུ་གནས་དང་སྔར་ལས་མཐོ་ཞིང་སྔར་ལས་བརྟན་པོ་ཡིན་པའི་ཚང་ཞིག་ལས། སྲ་ཞིང་བརྟན་པའི་ཚང་ཞིག་བསྐྲུན་རྒྱུའི་ཐག་བཅད་པ་རེད། ཁོ་ཚོས་སྔོན་ལ་གྲ་སྒྲིག་བྱས་ཟིན་པའི་རྩྭ་དང་ཤིང་གི་ཡལ་ག་སོགས་ཀྱི་རྒྱུ་ཆར་བརྟེན་ནས་སྔར་གྱི་ཚང་ཇེ་མཐོར་བཏང་བ་དང་། ཁྲུང་ཁྲུང་སྐེ་ནག་ལ་དོགས་པ་མི་ཡོང་བའི་ཆེད་དུ། ད་དུང་ཆེད་དུ་ཚང་རྙིང་བའི་ནང་གི་རྩྭ་ཁྱེར་ཡོང་ནས་ཚང་གསར་བའི་ནང་བཏིངས་པ་རེད།

ད་ལྟ། རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་བ་ཚང་མས་མཉམ་དུ་འབད་བརྩོན་བྱས་འོག ཡུལ་ཚོ་ཡོངས་སུ་ཁྲུང་ཁྲུང་སྐེ་ནག་ཉིས་བརྒྱ་དང་བཞི་བཅུ་ལྷག་འཚོ་གནས་བྱས་ཡོད་པ་དང་། དེ་ན་ནིང་ལས་བརྒྱ་ཆའི་ཉི་ཤུ་ལྷག་གིས་ཇེ་མང་དུ་སོང་ཡོད་པ་རེད།

“མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་རྒྱུ་ནི་ང་ཚོའི་དམིགས་འབེན་ཡིན།” རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་བའི་ཚུན་ལ། མཚོ་སྔོན་གྱི་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་འབུམ་གཅིག་དང་ཁྲི་ལྔ་ཙམ་གྱིས་གོམ་པས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ཚད་ལ་འཇལ་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་ཟིན་ཐོར་བཀོད་པ་དང་། གནས་འདིའི་དྭངས་གཙང་གི་ཆུ་བོར་སྲུང་སྐྱོབ་བྱས་ཡོད་ལ། ཁོ་ཚོའི་རྒྱུན་འཁྱོངས་ལ་བརྟེན་ནས་མཚོ་སྔོན་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་སྔར་ལས་ལྗང་ལ། ཆུ་མོ་སྔར་ལས་དྭངས་པར་བྱས་ཡོད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་དེ་ཆེས་མཛེས་པའི་ཀྲུང་གོའི་མིང་བྱང་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏན་བྱས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།