དེང་གི་མི་རབས་ལ་བསམ་བློ་གཏོང་དགོས་ལ་བུ་རབས་ཚ་རྒྱུད་ལའང་འགན་འཁུར་དགོས།
2023.09.19 ཁུངས། གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 12

 འབྲི་ཆུ་དང་རྨ་ཆུ་ལང་ལོང་དུ་བཞུར་ཞིང་།  ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་རྒྱུས་ཆུ་བོ་གཉིས་དང་འགྲོགས་ནས་མདུན་ཕྱོགས་སུ་བཞུར་བཞིན་མཆིས།

“ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་འཆར་གཞི་ལེགས་པོ་འདིང་བ་དང་ལས་དོན་རེ་རེ་བཞིན་བསྒྲུབས་ཏེ། མི་རབས་ནས་མི་རབས་བར་རྒྱུན་མཐུད་དང་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས”།   “ང་ཚོ་གུང་ཁྲན་ཏང་མིས་ལས་དོན་སྒྲུབ་པ་དེ་མིའི་རིགས་ཡོངས་དང་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཡིན”།   ས་གནས་སུ་གཟིགས་ཞིབ་ཐེངས་མང་པོ་དང་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་ཐེངས་མང་པོ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་ཐུགས་དགོངས་ཟབ་མོ་གནང་ཡོད།

འབྲི་ཆུའི་རྒྱུད་དུ་མི་རྣམས་ཧ་ལས་དགོས་པའི་འགྱུར་ལྡོག་བྱུང་བ་སྟེ།  སྔོན་ཆད་སྤྲོ་སེམས་ཆེན་པོས་གསར་སྤེལ་དང་འཛུགས་སྐྲུན་བྱེད་པ་དང་།  ད་ལྟ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མི་སེམས་སུ་ཟབ་མོར་ཟུག་ཡོད།

“སྐྱེ་ཁམས་སྲུང་སྐྱོབ་ཐད་ངས་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས་པའམ་ཡང་ན་སྐྱོན་བརྗོད་དང་བཀག་འགོག་བྱས་པ་གང་ཞིག་ཡིན་རུང་ཚང་མ་དུས་སྐབས་གཅིག་དང་བྱ་བ་གཅིག་གི་ཆེད་དུ་མ་ཡིན་པར། སྐྱེ་ཁམས་ཆེན་པོ་དང་ཁོར་ཡུག་ཆེན་པོར་དམིགས་པ་དང་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པར་དམིགས་པ་ཞིག་ཡིན”།   “སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་ཡིན་པས། ངེས་པར་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས”པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་དགོངས་པ་དང་མངགས་བཅོལ་དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནང་བསྡུས་པའི་དམིགས་བསལ་གྱི་སྐྱེ་ཁམས་ལྟ་བ་ཤེས་རྟོགས་དང་ལག་བསྟར་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་གྱུར་ཡོད།

སྐྱེ་ཁམས་ཀྱི་གནད་དོན་གྱིས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོར་ཚོད་བགམ་བྱེད།

“ང་ཚོས་དེང་གི་མི་རབས་ལ་བསམ་བློ་གཏོང་དགོས་ལ།  བུ་རབས་ཚ་རྒྱུད་ལའང་འགན་འཁུར་དགོས”།   རང་བྱུང་སྐྱེ་ཁམས་དང་ཆབ་སྲིད་ཁོར་ཡུག   འཕེལ་རྒྱས་ཀྱི་ལྟ་བ། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བཅས་ཚང་མ་ནི་མི་དམངས་བདེ་སྐྱིད་ཡོང་བ་དང་མི་རིགས་བསྐྱར་དར་ལ་གཞིགས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོའང་འདུས་ཡོད།

དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་ལ། ཕུགས་ཀྱི་ཇུས་གཞི་འདིང་རྒྱུ་དེ་ནི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཞིག་གི་ལོ་རྒྱུས་ཀྱི་རང་རྟོགས་ཤིག་ཡིན།

འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་ཐད་ལ་སྤྱི་ཁྱབ་ཧྲུའུ་ཅིས“ དུས་གང་ཞིག་ལའང་ང་ཚོས་འཕྲལ་དུ་བྱ་བ་མངོན་འགྱུར་ཐུབ་པ་དང་། གྲུབ་འབྲས་ཁོ་ན་ཐོབ་འདོད་པ། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཁོ་ནར་ལྟ་བ་བཅས་ཀྱི་ལམ་བུར་བསྐྱོད་མི་རུང་། འདི་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་དགོས་དོན་དེ་ཡིན། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་རྒྱུ་ཡང་དེ་ལ་ཐུག་ཡོད། དེར་བརྟེན་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་དགོས”ཞེས་གསུངས་ཡོད།

2021ལོར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་ནགས་རའི་བཟོ་པའི་འཐུས་མི་ཀྲོའུ་དབྱི་ཀྲེས་ཤིང་གཅོད་མཁན་ཞིག་ནས་ནགས་སྲུང་བར་གྱུར་བའི་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་འཛུམ་དམུལ་དམུལ་ངང“ཁྱེད་ཀྱིས་བརྗོད་པའི་སྐྱེ་ཁམས་ཀྱི་སྤྱིའི་རིན་ཐང་ནི།  ལྗང་མདོག་གི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ཐ་སྙད་ཅིག་ཡིན་པ་དེའི་ཐོག་ནས་སྐྱེ་ཁམས་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་གསལ་བཤད་ཐུབ་ཡོད”ཅེས་གསུངས།

སྐྱེ་ཁམས་ནི་རིན་ཐང་ལྡན་པ་ཞིག་ཡིན་ཞེས་པའི་བཀའ་མོལ་དེ་ལས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཐུགས་དགོངས་ཟབ་མོ་བཞེས་པ་མཐོང་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་རྗེས།  པེ་ཅིན་ནས་ཞལ་གྱེས་ཏེ་གཟིགས་ཞིབ་ཐོག་མ་གནང་ཞིང་།    སྤྱི་ཁྱབ་ཧྲུའུ་ཅིས་ཀོང་ཏུང་དུ“ང་ཚོས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་སྐབས། ཨ་རི་དང་ཡོ་རོབ་ཀྱི་ལམ་རྙིང་དུ་བསྐྱོད་ན་མི་འགྲིག སའི་གོ་ལ་ཁ་ཤས་ཡོད་པའི་དབང་དུ་བཏང་ནའང་ཀྲུང་གོ་བའི་ཟད་གྲོན་འདང་མི་ཐུབ”ཅེས་གསུངས་པ་རེད།

ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འཕེལ་རྒྱས་དོན་གཉེར་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས2017ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ལེའོ་ཉིན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“ཁ་གསལ་གཏིང་གསལ”གྱི་གཞི་གྲངས་བཏོན་ནས་ཏང་ཡོན་ལས་བྱེད་པར་རྒྱབ་རྩ་གནང་སྐབས། ཚོགས་ར་ནས་དགའ་བསུའི་ཐལ་མོ་རྡེབ་སྒྲ་གྲགས་པ་རེད།

སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་བཙུགས་ནས“མངོན་གསལ་གྲུབ་འབྲས”དང“མངོན་མིན་གྲུབ་འབྲས”བར་གྱི་འབྲེལ་བ་རྩོད་སྒྲུབ་ནས་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ནི་མི་དམངས་གཙོ་འཛིན་གྱི་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་རེད།

མུན་འཐོམ་ངང་འཕེལ་རྒྱས་གཏོང་བའི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས“ཚན་ཁག་གསར་པས་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི།  ལས་དོན་ཆེན་པོ་སྒྲུབ་སྐབས་ཆོས་ཉིད་དང་མི་མཐུན་པར་སྒྲུབ་མི་རུང་ལ། ཁེ་ཕན་ཁོ་ན་བསམས་པ་དང་གྲུབ་འབྲས་ཐོབ་ཐབས་ཁོ་ན་བྱེད་མི་རུང་། ངང་ཐུང་གི་བསམ་བློ་དང་འཚབ་འཚུབ་ཀྱི་བསམ་བློ་སྤངས་ཏེ་ཏན་ཏན་ཏིག་ཏིག་གིས་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས”ཞེས་མངགས་བཅོལ་གནང་ཡོད།

“མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་དངོས་སྒྲུབ་དགོས་ལ། མི་རབས་རྗེས་མར་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་བཟང་པོའང་སྒྲུབ་དགོས། བྱས་རྗེས་མངོན་གསལ་འཇོག་དགོས་ལ་ཕུགས་ལ་ཕན་པའི་བྱས་རྗེས་ཀྱང་འཇོག་དགོས། སྒེར་གྱི་ཁེ་གྲགས་མི་གཉེར་བར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་དང་ལོ་རྒྱུས་ཀྱི་གདེང་འཇོག་ངོ་མ་ཐོབ་པར་བརྩོན་ལེན་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མངོན་གསལ”དང“མངོན་མིན”གྱི་རྩོད་སྒྲུབ་འབྲེལ་བར་དབྱེ་ཞིབ་གཏིང་ཟབ་གནང་ཡོད།

དེ་ནི་བློ་མཐུན་ཞི་ཅིན་ཕིང་ལ་ལག་ལེན་དངོས་ནས་ཐོབ་པའི་བདེན་དོན་ཞིག་རེད། ཧྥུའུ་ཅན་ཞ་མོན་དུ་ཕྱག་ལས་གནང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་ནས་བཟོས་པའི《1985ལོ་ནས2000ལོའི་བར་གྱི་ཞ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས》དེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་དམིགས་བསལ་ས་ཁུལ་དུ་སྔོན་ལ་རྩོམ་སྒྲིག་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དུ་གྱུར་ཡོད་ལ། ཀྲུང་གོའི་ས་གནས་སྲིད་གཞུང་གིས་སྔོན་ལ་རྩོམ་སྒྲིག་བྱས་པའི་ལོ་བཅོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ཅིག་ཀྱང་རེད།

སྐབས་དེར་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་གནང་རྒྱུ་ནི། སྐུ་ཚེགས་ཆེ་ལ་ཕན་འབྲས་ཐོན་དཀའ་བའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་བློ་མཐུན་ཞི་ཅིན་ཕིང་ལ་མཚོན་ན། གང་དུ་དཔོན་གནས་འཁུར་བ་ན། དེར་བདེ་བ་བསྐྲུན་རྒྱུར་བརྩོན་པ་གནང་བ་ལྟར་ཡིན། “འགོ་ཁྲིད་པ་ཞིག་གི་ངོས་ནས་བརྗོད་ན། མིག་སྔར་གཞི་ཚུགས་དགོས་ལ། ཕུགས་ལའང་དེ་བས་དམིགས་དགོས་པ་དང་། རྨང་གཞི་འདིང་བའི་ལས་དོན་སྒྲུབ་ཕོད་པ་བྱེད་དགོས་ལ། བསྒྲུབ་རྒྱུའི་བྱ་བའང་དམ་འཛིན་བྱེད་ཕོད་པ་བྱེད་དགོས”།    བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་། བྱས་རྗེས་འཇོག་པར་ང་ཡིས་འབད་པ་དེ་ལོ་བརྒྱའི་ཏང་ཆེན་པོ་ཞིག་གི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།