གཞི་རིམ་བཅོས་སྐྱོང་ཕྱོགས་ཀྱི་ལག་ལེན་པ་སྟེ་ཁོ་རྒྱ་ཐང་སྡོད་ཁུལ།
2023.09.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་ཁོ་རྒྱ་ཐང་སྡོད་ཁུལ་ནི2012ལོའི་ཟླ4པར་བཙུགས་ཤིང་། ཐང་མགོ་གྲོང་རྡལ་གྱི་གནས་སྤོར་ཁྱིམ་ཚང་ཚད་ལྡན་ངང་བཅོས་སྒྲིག་བྱས་རྗེས་ཁོ་རྒྱ་ཐང་ཞེས་དངོས་སུ་མིང་བསྒྱུར་ནས་སྡོད་ཁུལ་གསར་པ་ཞིག་ཆགས་པ་རེད། ཉེ་བའི་ལོ་འདི་འགའི་རིང་ལ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཁོ་རྒྱ་ཐང་སྡོད་ཁུལ་གྱིས་ནམ་ཡང“མི་དམངས་རྩ་བར་འཛིན་པ་དང་དམངས་ལ་ཞབས་འདེགས་ཞུ་བ། སྡོད་དམངས་གཙོ་བོར་འཛིན་པ”སོགས་ཀྱི་འདུ་ཤེས་བརྟན་པོར་བཟུང་སྟེ། བྱ་བའི་ལམ་ལུགས་སོ་སོ་རྒྱུན་མི་ཆད་པར་འཚོལ་ཞིབ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་བ་ཞིག་རིམ་གྱིས་ཆགས་ཡོད།

ཏང་འཛུགས་བྱ་གཞག་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་ལ་རྣམ་པ་གསར་པ་ཞིག་ཆགས་པ། སྡོད་ཁུལ་ཏང་རྩ་འཛུགས་ཀྱིས“སྣེ་ཁྲིད་ནུས་པ”འདོན་སྤེལ་གང་ལེགས་དང་གཞི་རིམ་ཏང་འཛུགས་ཀྱི“དགེ་མཚན་ནུས་པར”སྐུལ་འདེད་བཏང་སྟེ། བྱ་བའི་བྱེད་ཐབས་ལག་ལེན་དུ་བསྟར་ནས་འགོ་ཁྲིད་ཀྱིས་ཚོ་ཆུང་འཛིན་པ་དང་ཏང་ཡོན་གྱིས་སྡོད་དམངས་འཛིན་པ། གསོག་སྐར་གྱིས་ཆད་པ་དང་གཟེངས་བསྟོད་འཛིན་པའི་བྱ་བའི་བྱེད་ཐབས་འདིས་ཏང་རྩ་འཛུགས་ཀྱི་མ་ལག་དང་དྲ་ལམ་བཅོས་སྐྱོང་གི་མ་ལག་ཟུང་འབྲེལ་བྱས་ཤིང་། སྟོབས་ཤུགས་སོ་སོ་ཕྱོགས་གཅིག་ཏུ་སྒྲིལ་ཏེ“དྲ་མིག་གཅིག་ལ་མི་སྣ་མང་བ”དང་“མི་སྣ་གཅིག་ལ་ཐབས་བཀོད་མང་བ།”“ལས་གནས་གཅིག་ལ་འགན་འཁྲི་མང་བའི”དྲ་མིག་ཅན་གྱི་ཞབས་ཞུའི་བྱེད་ཐབས་ཤིག་བསྐྲུན་ཏེ། མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་བཞིན་པའི་གནད་དོན་དེ་གཞིར་བཟུང་སྟེ་ཐག་གཅོད་ཡག་པོ་བྱས་པ་དང་། དམངས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་ཏེ་གཞི་རིམ་བཅོས་སྐྱོང་གི་ཕྱོགས་སུ་མཉམ་བསྐྲུན་མཉམ་སྐྱོང་མཉམ་རོལ་གྱི་རྣམ་པ་གསར་པ་ཞིག་ཆགས་འདུག

གཡུལ་སའི་ཕན་ནུས་བཏོན་ཏེ་གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་པ། སྡོད་ཁུལ་ཏང་ཀྲི་པུའུ་ཡིས་སྐད་འཕྲིན་དང་རྒྱང་བསྒྲགས། དྲིལ་བསྒྲགས་རླངས་འཁོར། དྲིལ་བསྒྲགས་སྒོ་སམ། འཕྲེད་བྱང་ཡི་གེ སྦྱར་ཡིག་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་ཤུགས་ཆེན་པོའི་སྒོ་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཕྱོགས་བཞིར་བསྒྲགས་པ་དང་། དམངས་ལ་ཆ་འཕྲིན་ཤེས་སུ་བཅུག་པ་དང་དྲིལ་བསྒྲགས་གཡུལ་སའི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། དོ་དམ་ཁོངས་གཏོགས་ས་ཁུལ་གྱི་དྲིལ་བསྒྲགས་རྣམ་པ་ཇེ་ལེགས་སུ་བཏང་བ་མ་ཟད། སྡོད་དམངས་ཀྱི་དགོས་མཁོ་གཞིར་བཟུང་སྟེ་སྟེགས་བུ་བསྐྲུན་པ་དང་དཔུང་སྡེ་འཐུས་ཚང་དུ་བཏང་ནས་ཤུགས་ཆེན་པོའི་སྒོ་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་བྱེའུ་ཆུང་ཆུང་གི་དཔེ་ཀློག་ཁང་། ད་དུང་དོན་དག་ཡོད་ན་གྲོས་མོལ་བྱེད་ཅེས་པའི་སྟེགས་བུ་སོགས་བསྐྲུན་ནས་སྲོལ་ངན་རྒྱང་དུ་དོར་བ་དང་སྲོལ་བཟང་དར་སྤེལ་གྱི་བྱ་འགུལ་སྤེལ་ཏེ། རང་སྡོད་ཁུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་དང་བསྐྲུན་བཞིན་ཡོད།

འགྱུར་ལྡོག་ཆེན་པོ་བཞི་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྲོལ་བཟང་བསྐྲུན་པར་སྣེ་ཁྲིད་པ།

ཀྲི་པུའུ་ཧྲུའུ་ཅིས་སྡོད་དམངས་གྲལ་བཤེར་བྱས་ནས་རྒྱུས་ལོན་བྱེད་པ་དང་མིང་བཏགས་འགོ་ཁྲིད་ཀྱིས་བྱ་བའི་གཙོ་གནད་གཞིར་བཟུང་སྟེ་རྒྱུས་ལོན་བྱེད་པ། གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིས་ཕྱོགས་ཡོངས་ནས་རྒྱུས་ལོན་གཏིང་ཟབ་སོགས་བྱས་ཏེ། དམངས་ཀྱི་འཚོ་བའི་དཀའ་གནད་དང་གཙོ་གནད་སོགས་ཡང་དག་པར་སེལ་ཞིང་། སྡོད་ཁུལ་གྱི་ཞབས་ཞུ་ལུགས་དང་མཐུན་ལ་གནད་དུ་འཁེལ་བ། ཕན་ནུས་ཆེན་པོ་ཐོགས་པའི་རྣམ་པ་ཞིག་གྲུབ་སྟེ་སྡོད་དམངས་ཀྱི་སེམས་ཤུགས་ཀྱང་རིམ་གྱིས་ཕྱོགས་གཅིག་ཏུ་སྒྲིལ་ཡོད། དུས་མཚུངས་སུ། སྡོད་ཁུལ་གྱི་ལས་བྱེད་པ་དང་ཏང་ཡོན། མང་ཚོགས། དང་བླངས་བ་སོགས་གཅིག་གྱུར་གྱིས་བཀོད་འདོམས་བྱས་ཏེ་ཁོར་ཡུག་ལ་གཙང་སྦྲ་ཆེན་མོ་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཁོར་ཡུག་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མ་ཟད། རྩ་འཛུགས་ཀྱི་ནུས་པ་དེ་སྙོམས་པ་ནས་སྟོབས་ལྡན་ཅན་དུ་གྱུར་བ་དང་། ལས་བྱེད་པའི་སྣེ་ཁྲིད་ནུས་པ་དེ་ཁ་ཐོར་དགུ་ཐོར་ནས་རྡོལ་རྩ་གཅིག་སྒྲིལ་དུ་གྱུར་བ། མང་ཚོགས་རང་སྐྱོང་གི་རྣམ་པ་དེ་སྒྱིད་ལུག་ནས་བརྩོན་པ་ཅན་དུ་གྱུར་བ། སྐྱེ་ཁམས་སྲུང་སྐྱོང་གི་ནུས་པ་དེ་བཅོས་བསྒྱུར་ནས་ལམ་ལུགས་ཅན་དུ་གྱུར་བ་སོགས་བྱས་རྗེས། ཁོར་ཡུག་དང་འཕྲོད་བསྟེན་བཟང་བ། ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོ་བཟང་བ། ཁྱིམ་མཚེས་བར་གྱི་འབྲེལ་བ་བཟང་བ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བ། བདེ་འཇགས་འཛུགས་སྐྲུན་གྱི་བྱ་གཞག་བཟང་བ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གྲུབ་འདུག

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།