མདོ་ལ་རི་བོའི་མཛེས་སྡུག་གི་རི་མོ་འཆར་འགོད་བྱེད་དགོས། 
2023.09.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

སྟོན་མགོ་ཚུགས་པ་ན། དགུང་སྔོན་པོའི་སྤྲིན་དཀར་གྱི་འོག་ཏུ། མདོ་ལ་རི་བོ་ནི་སྔོ་ལྗང་གི་གོས་གདན་བཏིངས་པ་དང་འདྲ་བར་རྒྱང་རིང་གི་མཁའ་མཐར་བསྲིངས་པ་དང་། ཁྱུ་དང་ཁྱུ་བྱས་པའི་ནོར་ལུག་གིས་ས་གཞི་ཡོངས་སུ་བརྒྱན་འདུག རྒྱང་རིང་གི་རི་རྩེ་ཁ་བས་གཡོགས་ཅིང་། མཁའ་མཐའ་ན་ཀྲོང་ངེར་འགྲེང་འདུག འབྲོག་པའི་གླུ་སྐད་སྙན་མོ་དུས་ངེས་མེད་དུ་གནམ་སའི་བར་མཚམས་ན་ལྷང་ལྷང་གྲགས་བཞིན་འདུག 

མདོ་ལ་རི་བོ་ནི་རང་རྒྱལ་གྱི་འཁྱགས་རོམ་དང་ཆུ་ཁུངས་གསོག་ཉར་གྱི་སྐྱེ་ཁམས་ནུས་ཁུལ་གལ་ཆེན་ཞིག་ཡིན་པས། “ཀྲུང་གོའི་བརླན་སའི་གླིང་ཕྲན”གྱི་མིང་ཐོགས་ཡོད། དེ་ནི་མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་དང་རྨ་ནུབ་དོག་ལམ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། 

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་འགུལ་སྐྱོད་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་རང་སྤུས་ལ་རྐང་བཙུགས་ནས་ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བསམ་ཕྱོགས་ཞིབ་འཇུག་དང་འཚོལ་ཞིབ་བྱས་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་སྲུང་སྐྱོབ་བྱེད་པའི་བརྗོད་གཞི་ལ་དམིགས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལན་བཏབ་པ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་གྲུབ་འབྲས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད། 

གླིང་ཁུལ་གྱི་གནས་ཚུལ་མཐིལ་རྟོགས་པར་བྱེད་དགོས། 

མིག་སྔར་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ8000ལ་ཁྱབ་པ་དང་། གནམ་ས་གཞི་གཅིག་ཅན་དང་ས་ཆུའི་རླངས་པ་སོགས་རྒྱུ་རྐྱེན་གཙོ་བོའི་དུས་མཚམས་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་སྐྲུན་པར་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་གྱི་མ་མཐའི་བརྟག་དཔྱད་ཕྱོགས་ཡོངས་ནས་སྤེལ་ཏེ། གླིང་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་མཐིལ་རྟོགས་ཟབ་མོ་བྱས་ཡོད། 

2019ལོ་ནས་བཟུང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གིས་སྔ་རྗེས་སུ་ཀྲུང་གོ་ཚན་རིག་གླིང་དང་། པེ་ཅིན་ནགས་ལས་སློབ་ཆེན། པེ་ཅིན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་སྒྲིག་གཞི་ཉེར་གཉིས་ཀྱི་ཚན་ཞིབ་ཚོགས་པ་སོ་བཞི་དང་དུས་ཡུན་རིང་བོར་མཉམ་ལས་འབྲེལ་བ་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སྲུང་སྐྱོབ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ། སྐྱེ་ཁམས་གཞི་གྲངས་ཆེན་མོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཟབ་མོ་བྱས་པ་རེད། རང་བྱུང་ཐོན་ཁུངས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་མ་ལག་ཐོན་ཁུངས་བརྟག་དཔྱད་བྱས་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཐོན་ཁུངས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས། གླིང་ཁུལ་གྱིས་སྒྲིག་གཞི་མང་པོའི་ཆེད་མཁས་པ་དང་མཉམ་འབྲེལ་བྱས་ནས་གསའ་དང་། བྱེ་ཐང་གི་བྱི་ལ། ཁྲུང་ཁྲུང་སྐེ་ནག་སོགས་གཙོ་བོ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཞིབ་འཇུག་བྱ་བ་སྤེལ་ཞིང་། སྔ་རྗེས་སུ་གསའ་ལྔ་དང་། བྱེ་ཐང་གི་བྱི་ལ་བཅུ། ཁྲུང་ཁྲུང་སྐེ་ནག་སོ་བརྒྱད་ལ་འཁོར་སྐར་རྗེས་འདེད་ཡོ་ཆས་བཏགས་ནས་ཕྱིར་རང་བྱུང་ཁམས་ལ་བཏང་། སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་བའི་ཚུན། བསྟུད་མར་ལོ་ལྔའི་རིང་ལ་གསའ་ལ་བརྟག་དཔྱད་ལྟ་ཞིབ་ཚད་ལེན་བྱས་ཤིང་། མཚོ་སྔོན་ཡུག་སྦྲེལ་ཁུལ་གྱི་ཁྱབ་ཁོངས་སུ་བསྡོམས་པས་པར་ལེན་འཕྲུལ་ཆས་སྟོང་གཉིས་ལྷག་བཀོད་སྒྲིག་བྱས་པ་དང་། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སྟོང་སྨི་གྲུ་བཞི་མ7000བར་རྒྱ་སྐྱེད་དེ། གསའ་ཡི་པར་དང་བརྙན5500ལྷག་ལག་ཏུ་སོན་པ་དང་། ཁྱབ་ཁོངས་ཀྱི་གནས95གཏན་འཁེལ་བྱས་ཤིང་། དཔེ་དབྱིབས་ཀྱི་སྔོན་དཔག་གསའ་ཡི་འཚོ་གནས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4171ཟིན་ཡོད་པ་རེད། 

2022ལོའི་ལོ་མཇུག་བར། ཆི་ལེན་རྫོང་ཁོངས་སུ་གསའ63དབྱེ་འབྱེད་བྱས་པ་དང་། ཐེམ་ཆེན་རྫོང་གི་ས་ཁོངས་སུ་གསའ119དབྱེ་འབྱེད་བྱས་ཤིང་། མིན་ཡོན་རྫོང་གི་ས་ཁོངས་སུ་གསའ24དབྱེ་འབྱེད་བྱེད་ཐུབ་པ་བྱུང་ཡོད། སྲིན་འབུའི་རིགས་གསར་བ14དང་། ཀྲུང་གོའི་ཟིན་ཐོ་གསར་བའི་རིགས་བཅུ། མཚོ་སྔོན་ཞིང་ཆེན་གྱི་ཟིན་ཐོ་གསར་བའི་རིགས228རྙེད་ཅིང་། མདོ་ལ་རི་བོའི་བྱ་རིགས་ཀྱི་ཟིན་ཐོ་གསར་བ་དགུ་རྙེད་པ་དེས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་གང་ལེགས་ཀྱིས་མཚོན་པར་བྱས་ཡོད། 

སྟེགས་བུ་སྐྲུན་པ། 

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ས་ཁོངས་རྒྱ་ཆེ་བ་དང་། སྐྱེ་ཁམས་ཀྱི་རིགས་མང་བ། ས་བབ་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བ་བཅས་རེད། མཚོ་སྔོན་གྱིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི༼མཚོ་སྔོན་བཅད་ཁུལ༽གཞི་གྲངས་ཆེན་མོའི་ལྟེ་གནས་སྟེགས་བུ་ཧུར་ཐག་གིས་སྐྲུན་ནས་དངོས་ཟོག་མཉམ་འབྲེལ་དྲ་བ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ལག་རྩལ་ལ་བརྟེན་ནས་གླིང་ཁུལ་ལ་དུས་ཐོག་ཏུ་ལྟ་རྟོག་བྱས་ཏེ། ཞིབ་ཚགས་ཅན་དང་། འགུལ་རྣམ་ཅན། མ་ལག་ཅན་གྱི་དོ་དམ་མངོན་འགྱུར་བྱས་ཡོད་པ་རེད། 

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་གཞི་གྲངས་ཆེན་མོའི་ལྟེ་གནས་སུ་བསྐྱོད་སྐབས། གླིང་ཁུལ་གྱི་བརྙན་རིས་མིག་མདུན་དུ་མངོན་ཡོང་། ཙིག་རྟགས་ཡང་མོར་མནན་པ་ན་འཁོར་སྐར་རི་མོའི་སྟེང་ནས་ཤར་ནས་ནུབ་བར་གྱི་སྨི་སྟོང་གཅིག་ལྷག་གི་ས་ཁོངས་ཀྱི་ནགས་ཚལ་དང་། ཆུ་རྒྱུན། སྐམ་ས། རི་སྐྱེས་སྲོག་ཆགས་སོགས་མིག་ལམ་དུ་གསལ་བོར་མངོན་ཡོང་། 

“ཁྱོད་ཀྱིས་ལྟོས་དང་།མཐའ་མཚམས་སྔོན་པོ་ནི་ཀན་སུའུ་ཡི་ཁྱབ་ཁོངས་ཡིན་པ་དང་། མཐའ་མཚམས་སེར་པོ་ནི་མཚོ་སྔོན་ཡུག་ཁུལ་གྱི་ཁྱབ་ཁོངས་ཡིན་ལ། དམར་པོའི་ཁུལ་ནི་ལྟེ་བའི་སྲུང་སྐྱོབ་ཁུལ་ཡིན་ཞིང་། སེར་པོའི་ཁུལ་ནི་སྤྱིར་བཏང་གི་ཚོད་འཛིན་ཁུལ་ཡིན་པས། སྟེགས་བུ་བརྒྱུད་དེ་ང་ཚོས་གླིང་ཁུལ་གྱི་ཁྱབ་ཁོངས་ནང་གི་གནས་ཚུལ་ཐད་ཀར་ཤེས་རྟོགས་ཐུབ་ཀྱིན་ཡོད”ཅེས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུ་འགན་ལེན་ལྟེ་གནས་ཀྱི་གྲངས་གཞི་ཆེན་མོའི་ལྟེ་གནས་ཀྱི་འགན་འཁུར་བ་ཡུས་ཧུང་ཡན་གྱིས་བརྙན་ཡོལ་ཆེན་མོ་ཞིག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་དེ་ལྟར་བཤད། 

ཡུས་ཧུང་ཡན་གྱིས“གཞི་གྲངས་ཆེན་མོའི་སྟེགས་བུའི་སྟེང་ལོ་གཅིག་རེ་བདམས་ནས་ཞིབ་བསྡུར་བྱས་ཚེ། ང་ཚོས་མུ་མཐུད་དུ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་འོག གླིང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་གང་འདྲ་ཞིག་བྱུང་བ་གསལ་པོ་ཤེས་ཐུབ”ཅེས་ངོ་སྤྲོད་བྱས། 

2022ལོར་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྲུང་སྐྱོབ་ས་ཚིགས་བཞི་བཅུ་ལ་སྐོར་སྲུང་མི་མེད་གནམ་གྲུ་ལྔ་བཅུ་བཀོད་སྒྲིག་བྱས་པ་དང་། ལས་བྱེད་མི་སྣ་བརྒྱ་དང་ཉི་ཤུ་ལྷག་གིས་གསོ་སྦྱོང་བྱས་ནས་མི་མེད་གནམ་གྲུར་སྐོར་ཐུབ་པའི་ཐོབ་ཐང་དཔང་ཡིག་བླངས་ཡོད་པ་དང་། མི་མེད་གནམ་གྲུའི་དོ་དམ་སྲུང་སྐྱོབ་དཔུང་ཁག་ཐོག་མ་བཙུགས་ནས་སྐོར་སྲུང་རྣམ་པ་གསར་པ་ཞིག་བཏོད་པ་རེད། གླིང་ཁུལ་གྱི་ཆེད་བསྐོས་བདག་སྐྱོང་བ་1200ལྷག་ཙམ་གྱིས་ཀྱང་ལས་ཀའི་ཁྲོད་ས་ཁམས་དང་སྐྱེ་དངོས་ཀྱི་དཔྱད་གཞིའི་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་འགན་འཁྲི་འཁུར་ནས་གླིང་ཁུལ་སོ་སོའི་སྐྱེ་ཁམས་ཆ་འཕྲིན་གསར་པ་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་མ་ལྡན་དཔྱད་གཞིའི་མཛོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། 

དྲིལ་བསྒྲགས་སློབ་གསོ་ཇེ་དྲག་ཏུ་གཏོང་དགོས། 

ཚོད་ལྟའི་བྱ་བ་སྤེལ་བའི་ཚུན་ལ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱིས་བསྟུད་མར་རང་བྱུང་སློབ་གསོའི་ལས་སྟེགས་མུ་མཐུད་དུ་བཏོད་དེ། རང་བྱུང་སློབ་གསོའི་འཛུགས་སྐྲུན་ཀྱི་འཕེལ་རྒྱས་ལམ་སྲོལ་གསར་པ་དང་རྣམ་པ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད། བྱེད་སྒོ་གསར་འཛུགས་དང་། སྒྲིག་ཆས་འགན་ལེན། འཇོན་མི་གསོ་སྐྱོང་། སློབ་ཚན་གསར་སྤེལ་སོགས་ཀྱི་ཐད་བྱ་བ་མང་པོ་སྒྲུབ་ཡོད། 

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་རང་བྱུང་སློབ་གསོ་དང་། རང་བྱུང་ལྟ་ཞིབ། བརྟག་དཔྱད། ཚན་རིག་དྲིལ་སྒྲོག་སློབ་གསོ་སོགས་བརྗོད་དོན་ལག་ལེན་བྱེད་སྒོ་སྣ་ཚོགས་འཚོལ་ཞིབ་བྱས་ནས་སྤེལ་བ་རེད། 2023ལོའི་ཟླ6པར་ཚོགས་པའི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་(མཚོ་སྔོན)གི་སྐབས་གཉིས་པའི་རང་བྱུང་ལྟ་ཞིབ་དུས་ཆེན་སྟེང་ཞུགས་མཁན་གྱིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དང་། ཡིག་རིགས་ལུང་བའི་དོ་དམ་སྲུང་སྐྱོབ་ས་ཁོངས། སྟག་སྣ་ལུང་བ་དོ་དམ་སྲུང་སྐྱོབ་ས་ཁོངས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་སོགས་ལྟ་ཞིབ་བྱ་ཡུལ་ལ་ལྟ་ཞིབ་ཐོ་འགོད་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ཕུན་སུམ་ཚོགས་པའི་ཚན་རིག་ཞིབ་འཇུག་དང་སྒྱུ་རྩལ་སོགས་ཀྱི་གྲུབ་འབྲས་ཐོབ་ཡོད་པ་རེད། “དུས་ཡུན་ཐུང་ཐུང་ཉིན་འགའི་རིང་གི་ཉམས་ལེན་བྱེད་སྒོའི་ཁྲོད་ང་ཚོས་བྱ་བ་སྒྲུབ་མཁན་ཡོངས་ཀྱི་ལྟ་སྐྱོང་འོག་མདོ་ལ་རི་བོ་ནི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་དང་ཁྱིམ་གཞིས་སུ་འགྱུར་བཞིན་ཡོད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བདེ་སྣང་ཞིག་ཀྱང་ཉམས་སུ་མྱོང་ཐུབ་པ་བྱུང་”ཞེས་བྱེད་སྒོའི་ནང་ཞུགས་པའི་ཉམས་ལེན་མཁན་གྱིས་དེ་ལྟར་བཤད། 

ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་སོགས་ཀྱིས་སྔ་རྗེས་སུ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སློབ་གྲྭ་བཅོ་ལྔ་བཙུགས་པ་དང་། རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་ཚན་རིག་ཞིབ་འཇུག་རྟེན་གཞི་ལྔ་སྐྲུན་ནས་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། འགྲེམ་སྟོན་ལྟེ་གནས་སོགས་སྒྲིག་ཆས་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་སོགས་རང་བྱུང་སློབ་གསོ་བྱ་ཡུལ་ཁག་ཅིག་སྐྲུན་ཏེ“སྒྲིག་ཆས་ཆ་ཚང་དང་། ཁོར་ཡུག་མཛེས་པ། དོ་དམ་ཚད་ལྡན”བཅས་ཀྱི་རང་བྱུང་སློབ་གསོའི་སྟེགས་བུ་ནུས་ཤུགས་ཡོད་རྒུས་སྐྲུན། 

ཐོན་སློབ་ཞིབ་གསུམ་དང་སློབ་ཁྲིད་ཀྱི་བྱ་བའི་མ་ལག་གྲུབ་པར་བྱས་ནས་རང་བྱུང་སློབ་གསོའི་ཀློག་དེབ་དང་སློབ་གསོའི་སློབ་ཚན་ཚད་ལྡན་ཅན་དུ་གསར་སྤེལ་བྱ་དགོས། དགེ་རྒན་དང་། དོ་དམ་སྲུང་སྐྱོབ་པ། དང་བླངས་པ་བཅས་བསྡུ་ལེན་བྱས་ནས་རང་བྱུང་སློབ་གསོའི་འཆད་ཁྲིད་དགེ་རྒན་དཔུང་ཁག་བཙུགས་པ་དང་། རང་བྱུང་སློབ་ཁྲིད་སློབ་རར་བསྐྱོད་པ་དང་། སྐྱེ་ཁམས་དབྱར་སྒར། རང་བྱུང་ལྟ་ཞིབ་དུས་ཆེན་སོགས་བརྗོད་བྱའི་ཉམས་ལེན་བྱེད་སྒོ་སྤེལ་ནས་རང་བྱུང་སློབ་གསོའི་སྤུས་རྟགས་ཀྱི་སྐད་གྲགས་དང་ཤུགས་རྐྱེན་མུ་མཐུད་དུ་ཆེ་རུ་བཏང་སྟེ། “སློབ་ཚན་དང་ཀློག་དེབ་ཞིབ་འཇུག་གསར་སྤེལ་དང་། དགེ་རྒན་སྐྱེད་སྲིང་། སློབ་གྲྭ་བེད་སྤྱོད”བཅས་ཀྱི་ཀུན་སྡོམ་སྦྲེལ་ཐག་དང་ཐོན་སློབ་ཞིབ་གསུམ་དང་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ཀྱི་རང་བྱུང་སློབ་གསོའི་མ་ལག་ཅིག་ཆགས་པར་བྱས། 

དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས“འདབ་ཆགས་ལ་དགའ་བའི་གཟའ་འཁོར”དང་།“རི་སྐྱེས་སྲོག་ཆགས་དྲིལ་སྒྲོག་ཟླ་བ”སོགས་བརྗོད་དོན་ཉི་མོའི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་བ་དང་། རང་བྱུང་སློབ་གསོའི་སློབ་ཚན་གྱི་འགྲན་བསྡུར་ཆེན་མོ་དང་དྲ་ཐོག་གི་སློབ་ཚན་གྱི་སྤུས་རྟགས་ཆེན་མོ་གཉིས་བཏོད་དེ། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རང་བྱུང་ཁམས་ལ་རྒྱུས་ལོན་དང་། རང་བྱུང་ཁམས་ལོངས་སུ་སྤྱོད་པ། རང་བྱུང་ཁམས་དང་མཉམ་འདྲེས་བྱེད་པའི་ཐབས་ལམ་དང་སྟེགས་བུ་གསར་པ་མཁོ་འདོན་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་དོན་སྙིང་གལ་ཆེན་གསོན་ཉམས་ལྡན་པའི་སྒོ་ནས་རྒྱས་བཤད་བྱས། 

སྐྱེ་ཁམས་ཀྱི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ཁྲོད་མ་འོངས་པའི་ཕྱོགས་སུ་བསྐྱོད་དེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོར་སྔར་ལས་བཀྲག་མདངས་འཚེར་དུ་འཇུག་དགོས། 

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།