བྱེ་མའི་རི་ལ་གཡུ་ལོའི་ཞིང་ཁམས་བསྐྲུན།
2023.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་བྱེ་སྣ་རུ། མུ་མཐའ་བྲལ་བའི་ལྗང་མདོག་གི་ས་གཞིའི་དབུས་སུ་ལྷུང་འདྲའི་བྱེ་མའི་ལ་རྒྱུད་ཅིག་ཡོད།

བོད་རིགས་ཕོ་རྒོད་དབང་ཆེན་བསྟན་འཛིན་གྱིས་མར་ཟོམ་ཞིག་ཕར་སྒུལ་ཚུར་སྒུལ་བྱེད་བཞིན་དུ་བྱེ་ཐང་བཅོས་སྐྱོང་བྱེད་རྒྱུ་ནི་མར་ལོ་དཀྲུག་པ་དང་འདྲ་བར་ངང་རྒྱུད་རིང་པོ་དགོས་ལ་དཀའ་སྡུག་བཟོད་ཐུབ་པར་མ་ཟད། ཕམ་ཁའི་ཚོད་བགམ་ཐེག་ཐུབ་དགོས། དེ་ལྟར་མ་བྱས་ཚེ་ཞིམ་མངར་ལྡན་པའི་མར་ལོ་ཞིག་ཁ་ལ་རེག་ཐབས་མེད་ཟེར།

དབང་ཆེན་བསྟན་འཛིན་གྱིས་གསོན་ཉམས་ལྡན་པའི་དཔེ་འཇོག་དེ་ལ་བརྟེན་ནས་ཁོའི་མི་ལོ27རིང་ལ་བྱེ་ཐང་བཅོས་སྐྱོང་བྱས་པའི་གཏམ་གྱི་སྒོ་མོ་ཕྱེ་སོང་།

དེ་ནི1996ལོའི་དཔྱིད་ཀ་ཡིན་ཞིང་། མག་ཆུང་གི་སྣེ་ཁྲིད་འོག་དབང་ཆེན་བསྟན་འཛིན་ཁྲི་ཀ་རྫོང་ལྷ་ཁང་ཐང་སྡེ་བ་ནས་བྱེ་སྣ་རུ་ཡོང་སྟེ་བྱེ་ས་བཅོས་སྐྱོང་ལ་བརྟེན་ནས་ཡོང་སྒོ་བཙལ། སྐབས་དེ་དུས་བྱེ་མ་རྩྭ་ཐང་དུ་མཆེད་ཚད་ཀྱིས་མི་རྣམས་ཧ་ལས་ཤིང་ཧང་སངས་པར་བྱས་ཤིང་། རླུང་བུ་ཞིག་ལྡང་ཚེ་མུའུ400(མུའུ1ཕལ་ཆེར་སྤྱི་ཆིང0.0667ཡོད)ཡས་མས་ཀྱི་རྩྭ་ས་བྱེ་མས་བསྣུབ་འགྲོ་བ་རེད། བྱེ་སྣའི་ཉེ་འགྲམ་དུ་སྡོད་པའི་འབྲོག་པ་རྣམས་ལོ་ལྟར་བྱེ་མས་བཙིར་གནོན་འོག་ཡུན་གྱིས་རི་ཁུལ་དུ་རུ་སྤོ་དགོས་པར་གྱུར། མི་དང་ནོར་ལུག་གི་འཚོ་གནས་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པ་དང་། ནོར་ལུག་མང་པོ་ཞིག་ལ་ལོ་འཁོར་མོར་རྩྭ་ཆད་ཆུ་ཆད་བྱུང་སྟེ་ཤ་ཤེད་ཞན་པའི་དབང་གིས་མཐོ་སྒང་གི་དགུན་ཟླ་རིང་མོ་སྐྱེལ་ཐབས་མེད། དགུན་དཔྱིད་ཀྱི་དུས་ཚིགས་སླེབས་ཐེངས་རེར་བྱེ་མ་རླུང་གིས་ཁུར་ཏེ་སྡེ་གྲོང་གི་སྒོ་ཁར་གཡུགས་ཤིང་ཉེ་འཁོར་ཞང་གྲོང་གི་སྡོད་དམངས་འདུག་བཟོད་མེད་པར་བཏང་།

སྐབས་དེར་དབང་ཆེན་བསྟན་འཛིན་ནི་ཀོས་ནན་རྫོང་གི་བྱེ་བཅོས་མི་སྣ་སྐོར་དང་པོར་གྱུར།

“སྐབས་དེ་དུས་ས་འདིའི་ཉེ་འཁོར་དུ་ཤིང་སྡོང་གཅིག་ཀྱང་མེད། ཕྱོགས་ཕྱོགས་སུ་བལྟས་ཚེ་བྱེ་ཐང་སེར་པོའི་ཁ་ལེབ་བརྒྱབ་པ་དང་མཚུངས་ཤིང་། རྩྭ་ཐང་བྱེ་མས་མནན་ཞིང་། བྱེ་མ་གཞུང་ལམ་དུ་ཁུར་བས། བྱེ་མའི་ནང་སྡོང་ཕྲུག་འདྲུད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་རེད།”

“ལོ་ངོ27འདས་སོང་། གདོང་དང་ལག་པའི་སྟེང་གི་པགས་པ་རིམ་པ་རེ་རེ་བཞིན་ལྷུང་ནས་ད་བར་ཤ་མདོག་ནག་པོར་གྱུར་འདུག་པ་འདི་རེད། ཇི་ལྟར་བཀྲུས་ཀྱང་དག་ཐབས་མི་འདུག”ཅེས་དབང་ཆེན་བསྟན་འཛིན་གྱིས་རང་གིས་རང་ལ་ཀུ་རེའི་ཚུལ་དུ་བཤད།

“སྐབས་དེ་དུས་ཆེས་དཀོན་པ་ནི་ཆུ་རེད། བྱེ་ཐང་ལོ་རེ་བཞིན་མདུན་ནས་མདུན་ལ་བསྣུར་ཏེ། རྩྭ་ས་བསྣུབས་ཤིང་ཆུ་ཁུངས་བཀག་པས། མི་དང་སྒོ་ཕྱུགས་ཐེངས་མ་རེ་རེར་རི་ཁུག་ཏུ་སྤོ་དགོས་བྱུང་། ཆུ་ཁུངས་ང་ཚོ་དང་བར་ཐག་རིང་བས་འཐུང་ཆུ་དཀོན་ཞིང་། ཉིན་བཅུ་ཕྲག་རིང་ཁ་ལག་བཀྲུ་མི་ཐུབ་པ་ནི་རྒྱུན་ལྡན་ཞིག་རེད། ཆུ་སྐྱེལ་རླངས་འཁོར་ཆེ་གྲས་མེད་ཚེ་ང་ཚོས་ཆུ་ཟོ་ལག་སྐྱོར་འདྲུད་འཐེན་འཁོར་ལོའི་ཐོག་བཏགས་ཏེ་སྤྱི་ལེ་བཅུ་ལྷག་གི་མཚམས་ནས་གནས་འདིར་ཆུ་དྲུད་པ་ཡིན།”

“སྐབས་དེ་དུས་རེ་སྒུག་ཆེ་ཤོས་ནི་ཆར་འབབ་རྒྱུ་དེ་རེད། གནམ་གཤིས་ཅུང་ཙམ་འཁྲིགས་ཚེ་ཚང་མས་སྔ་ས་ནས་གྲ་སྒྲིག་བྱས་པའི་འགྱིག་རས་བླངས་ཏེ། འགྱིག་རས་འཐེན་ཏེ་གྲུ་ཁ་བཞི་པོ་ཡར་བཀྱགས་རྗེས་ཆར་ཆུ་འགྱིག་རས་སྟེང་བསྐྱིལ་ཞིང་ཆུ་ཟོའི་ནང་བཅུས་ཏེ་འཐུང་ཆུ་བྱས། མི་སྐོར་ཞིག་གིས་ཆར་འབབ་སྐབས་བྱེ་ཐང་དུ་ཁུང་བུ་བརྐོས་ནས་ཆུ་གསོག་སྣོད་བྱས་ཤིང་། ཆུ་ངེས་ཅན་ཞིག་བསགས་རྗེས་ཆུ་ཁར་གཡེང་བའི་རྩྭ་རྐང་དང་ཨོང་བ་དང་རིལ་མ་སོགས་བཏུས་ཏེ། འཚོ་བའི་སྤྱོད་ཆུ་བྱེད་མཁན་ཡང་ཡོད། ”

ངས“ཟ་མ་ཟ་བའི་སྐབས་སུ་བྱེ་ཟེགས་ཟོས་མི་འགྲོ་འམ”ཞེས་དྲིས་པ་ན། ཁོས“ཁྱེད་ཀྱིས་ངའི་ལུས་སྟོབས་མཐོང་མ་བྱུང་ངམ། ངའི་གཟུགས་པོའི་ལྗིད་ཚད་ཀྱི་ཕྱེད་ཀ་བྱེ་མ་ཡིན་སྲིད། ངའི་ཁྲག་རྩའི་ནང་འཁོར་རྒྱུག་བྱེད་བཞིན་པ་ནི་ཁྲག་དང་བྱེ་མ་མཉམ་འདྲེས་ཀྱི་རྫས་ཕུང་ཞིག་ཡིན”ཞེས་ཀུ་རེའི་ཚུལ་དུ་བཤད།

“1996ལོའི་ཟླ4པའི་མཚན་མོ་ཞིག་ལ། ང་ཚོ་བཟོ་འགོད་འགན་ཁུར་པ་སྐོར་ཞིག་གིས་ནམ་རྒྱུན་ལྟར་ཉིན་གཅིག་གི་ལས་མི་བཀོལ་སྤྱོད་བྱས་ཚུལ་ཟིན་ཐོར་བཀོད་ཅིང་ཉིན་གཉིས་པའི་ལས་ཀའི་སྐོར་ལབ་གླེང་ཅུང་ཙམ་བྱས་ཏེ་སོ་སོའི་སྦྲ་གུར་དུ་ལོག་པ་ཡིན། ཕྱིར་ལོག་སྐབས་རླུང་ནམ་རྒྱུན་དང་འདྲ་བར་གང་སར་གཡུགས་ཤིང་ལྭ་བའི་འདབས་ཀ་ཕར་སྐྱོད་ཚུར་སྐྱོད་བྱེད་ཅིང་། བྱེ་ཟེགས་ཀྱིས་ངོ་ལ་གཞུས་ཚེ་ཚ་ལམ་ལམ་བྱེད། ”

“མི་ཞིག་གིས‘སྦྲ་གུར་ཁུར་ཐལ’ཞེས་འབོད་བཞིན་པའི་སྒྲ་གསལ་ལ་མི་གསལ་བ་ཞིག་ཐོས་བྱུང་། དོན་དག་ཅི་ཞིག་བྱུང་བར་འདང་རྒྱག་ཁོམ་མ་བྱུང་བར་རླུང་གཡུགས་ནས་ངའི་སྦྲ་གུར་ཡང་ཁུར་སོང་། ཉལ་ཐུལ་དང་། བ་མ་དཀར་ཡོལ་ཆུ་སྐྱོགས་ཀ་ཏོ་ར་སོགས་འཚོ་བའི་ཡོ་བྱད་ཡོད་དོ་ཅོག་རླུང་གིས་ཁུར་ནས་མཐོང་རྒྱུ་མེད་པར་གྱུར། ”

རེ་བའི་ས་བོན་ཡོད་ཚད་གཏོར་འགྲོ་བའི་རླུང་ཡན་དེ་རིགས་ལོ་རེར་བསམ་ཡུལ་ལས་འདས་པའི་སྒོ་ནས་ཐེངས་ཁ་ཤས་ལྡང་ཡོང་གི་འདུག དེ་ནི་རྐུན་མ་ལང་ཤོར་ཞིག་དང་འདྲ་བར། ཐེངས་མའི་ཐེངས་མར་གསར་དུ་འབུས་པའི་མྱུ་གུའང་བྱེ་མའི་འོག་ཏུ་མནན་འགྲོ་བ་རེད།

“དཀའ་ཚེགས་ཇི་ཙམ་ཆེ་ནའང་མུ་མཐུད་དུ་སྡོང་ཕྲུག་འཛུགས་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།” དབང་ཆེན་བསྟན་འཛིན་གྱི་མིག་ཟུང་ལས་སྤོབས་པའི་མདངས་ཤིག་འཕྲོ་བཞིན།“སྐབས་དེ་དུས་བྱེ་ས་བཅོས་སྐྱོང་ནང་ཞུགས་མཁན་ང་ཚོ་ཁོ་ན་མ་ཡིན་པར། ད་དུང་ཞིང་ཆེན་དམག་ཁུལ་གྱི་ལས་བྱེད་པ་དང་། ཀོས་ནན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ལས་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མང་ཚོགས་བཅས་མང་པོ་ཞིག་ཡོད། སྐབས་དེ་དུས་མང་ཚོགས་མང་པོ་ཞིག་གིས་ལོ་ལྟར་ཕྱུགས་འཚོ་བཞིན་ཡོད་སྟབས་ཁྱིམ་དུ་ལྕགས་ཁེམ་ཡང་མེད། དང་ཐོག་ཚང་མ་བྱེ་མའི་ནང་ཁ་སྦུབ་ཏུ་ལོག་ནས་ལག་པས་ས་དོང་བརྐོས་ཏེ་སྡོང་ཕྲུག་བཙུགས་པ་རེད། ཁོ་ཚོས་དེ་ལྟར་དཀའ་ཚེགས་ཆེ་ཡང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པས། ང་ཚོ་ཆེད་ལས་བྱེ་ས་བཅོས་སྐྱོང་པ་རྣམས་ལྟ་ཅི་སྨོས།”

“ད་ལྟ་ཇེ་བཟང་དུ་ཕྱིན་འདུག ཁྱེད་ཀྱིས་ལྟོས་དང་། ང་ཚོ་ཚང་མ་དེང་རབས་ཅན་གྱི་རྗེས་ཟིན་གྲབས་འདུག ལྕགས་ཐག་འཕྲུལ་འཁོར་དང་། ས་རྐོ་འཕྲུལ་འཁོར། ས་འདེད་འཕྲུལ་འཁོར་བཅས་དེང་རབས་ཅན་གྱི་སྒྲིག་ཆས་ཇེ་མང་དུ་གྱུར་ཏེ། སྔོན་ཐོན་གྱི་གྲས་སུ་སྙེག་བཞིན་ཡོད་ལ། གཞན་ཡང་ཀོས་ནན་རྫོང་གིས་བྱེ་བཅོས་སྡོང་འཛུགས་བྱས་ཏེ་ལོ་ངོ་ཉི་ཤུ་ལྷག་ཕྱིན་པ་དང་། བྱེ་བཅོས་ཀྱི་ཉམས་མྱོང་མང་པོ་བསགས་ཡོད། ང་ཚོས་ལྕགས་ཐག་འཕྲུལ་འཁོར་ལ་བརྟེན་ནས་བྱེ་ཐང་ཁོད་སྙོམས་པ་དང་ས་རྐོ་འཕྲུལ་འཁོར་ལ་བརྟེན་ནས་རྩྭའི་དྲ་མིག་བཟོས་པ་ཡིན་ལ། ས་འདེད་འཕྲུལ་འཁོར་བཀོལ་ནས་སྡོང་ཕྲུག་དབོར་འདྲེན་བྱས་ཤིང་། བྱེ་སའི་སྟེང་ཆུ་རྐ་མང་པོ་ལས་ཡོད། ཆུ་མི་ཐོན་སར་རླངས་འཁོར་ལ་བརྟེན་ནས་ཆུ་བཏང་བ་དང་། སྐྱེ་དངོས་འཚར་སྐྱེ་འབྱུང་ཚད་ཇེ་མཐོར་ཕྱིན་ཡོད”ཅེས་དབང་ཆེན་བསྟན་འཛིན་གྱིས་ཡིད་ཆེས་ལྡན་པའི་སྒོ་ནས་བཤད།

གསར་འགོད་པས་དབང་ཆེན་བསྟན་འཛིན་གྱི་མིག་གི་ལྟ་ཕྱོགས་སུ་བལྟས་པ་ན། མིག་ལམ་དུ་མངོན་ཡོང་བ་ནི་ལྗང་མདོག་ཡུག་ཅིག་རེད། ཁོས“གན་ནི་ང་ཚོས་ད་ལྟ་བཅོས་སྐྱོང་བྱེད་བཞིན་པའི་ས་ཆ་རེད། ལྗང་ཐིག་དེ་དག་ནི་རྩྭའི་དྲ་མིག་དང་མྱུ་གུ་འབུས་མ་ཐག་པའི་ལྗོན་ཤིང་རེད། སང་ལོའི་ད་ཚོད་ལ། རྩྭའི་དྲ་མིག་དེ་དག་ཀྱང་གནས་འདི་དང་འདྲ་བར་ལྗང་མདོག་ཏུ་འགྱུར་ཐུབ”ཅེས་སྤོབས་པས་བརྟས་བཞིན་དེ་ལྟར་བཤད་སོང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།