འབྲོག་ལུག་གསོ་བའི་ཐོན་ལས། འཚོ་བ་སྐྱིད་པའི་གཞི་མ།
2023.10.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 2

—ཞུན་ཧྭ་རྫོང་བིས་མདོ་ཡུལ་ཚོ་ར་ལུང་བ་སྡེ་བར་སྐྱོད་སྐབས་ཀྱི་མཐོང་ཐོས།

ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་གནད་འགག་ཡིན་ལ། རྒྱ་ཆེའི་མང་ཚོགས་ཕྱུག་འགྱུར་འབྱོར་འབྲིང་དུ་སྐྱོད་པའི་གཞི་རྩའང་ཡིན།

ཟླ9པའི་ཚེས5ཉིན་གྱི་ཉི་མ་ནུབ་ཁར། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་ར་ལུང་བ་སྡེ་བར་འབྱོར་བའི་དུས་ན། ཕྱུགས་རྫི་ཨ་བུ་སྐྱབས་ཀྱིས་ལྟོ་བ་ཤིན་ཏུ་འགྲངས་པའི་ལུག་དྲུག་བརྒྱ་ལྷག་སྒང་མགོ་ནས་དལ་གྱིས་རི་འདབས་ཀྱི་གསོ་སྤེལ་ར་བར་དེད་ནས་ཡོང་བཞིན་པ་དང་འཕྲད། 

“ལུག་འདི་དག་ནི་ང་ཚོའི་སྡེ་བའི་གཅེས་ནོར་ཡིན་ལ། མི་ཚང་མས་རིག་ན་དགའ་སྤྲོ་སྐྱེ་སྲིད”ར་ལུང་བ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་མ་སྐྱབས་ལུག་རའི་མཐའ་རུ་ལངས་ནས་དགའ་སྤྲོའི་ངང་བཤད།

ར་ལུང་བ་སྡེ་བའི་སྡེ་མི་རྣམས་ལུག་བརྒྱ་ཕྲག་ལྷག་གི་དོན་དུ་འདི་འདྲའི་དགའ་སྤྲོ་སྐྱེ་དོན་ཡང་སྙིང་ཅིའི་ཕྱིར་ཡིན་ནམ་ཞེ་ན། རྒྱུ་མཚན་ར་ལུང་བ་སྡེ་བའི་འགྱུར་ལྡོག་ཡང་ལུག་འདི་དག་གསོས་པ་ནས་བྱུང་བས་རེད།

“སྔོན་ཆད་ཆ་རྐྱེན་བཟང་བའི་ཁྱིམ་ཚང་རེ་གཉིས་ཀྱིས་ལུག་འགའ་གསོ་བ་ལས། ཁྱིམ་ཚང་གཞན་པ་ཚང་མས་འབྲུ་རིགས་ཏོག་ཙམ་རེ་བཏབ་སྟེ་རང་གི་ལྟོ་བ་འགྲང་ཙམ་ཡིན། སྐབས་དེར་སྡེ་བར་ཐོན་ལས་མེད་པས། སྡེ་བའི་ནང་དུ་རྒྱ་ཁྱོན་ཆེ་བའི་རྩྭ་ས་ཡོད་ཀྱང་བལྟས་བལྟས་རིག་རིག་ལ་ཆུད་ཟོས་སུ་གཏོང་རྒྱུ་ལས་མ་འདས།”

སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་ཆེད། 2021ལོ་ནས2022ལོའི་བར་ར་ལུང་བ་སྡེ་བའི་ཏང་ཀྲི་པུའུ་ཡིས་བིས་མདོ་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་འབུམ་ལྔ་དང་གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་ནུས་ལྡན་མ་དངུལ་སྒོར་འབུམ་ལྔ་བརྩོན་ལེན་བྱས་ཏེ། གསོ་སྤེལ་ར་བ་བསྐོར་ནས་འབྲོག་ལུག་དྲུག་བརྒྱ་ལྷག་གཅིག་རྗེས་གཉིས་མཐུད་ངང་ཉོས་ཏེ། སྡེ་བ་ཐུན་མོང་གིས་བཙུགས་པའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་དོ་དམ་དང་གཉེར་སྐྱོང་བྱས།

མིག་མདུན་གྱི་གསོ་སྤེལ་ར་བ་འདིར་སྨི་གྲུ་བཞི་མ་སུམ་བརྒྱ་ལྷག་ཡོད་ལ། སོ་ཕག་གི་ཕྱི་གྱང་རྩིག་ཅིང་ཀླད་བཀབ་ཡོད་པས་ཆར་རླུང་འགོག་ཐུབ་ཅིང་དྲོད་ཁོལ་ལྡན་པའི་ལུག་ར་བཟང་པོ་ཞིག་ཡིན།

འཕེལ་རྒྱས་གཏོང་ཆོག་པའི་ལས་གཞི་ཡོད་པས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་པ་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཡིན་པའི་སྒྲོལ་མ་སྐྱབས་ཀྱིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་ཧུར་ཐག་གིས་འཆར་འགོད་བྱས་ཏེ། སྔོན་ལ་སྡེ་བའི་ནང་གི་གསོ་སྤེལ་གྱི་ཕྱོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ཨ་བུ་སྐྱབས་བཙལ་བ་དང་། དེའི་རྗེས་སུ་ལུག་ཕྱིར་འཚོང་གི་ཐབས་ཤེས་འཐེན་པར་མ་ཟད། ད་དུང་ཕྱོགས་ཡར་མར་ལ་བརྒྱུགས་ནས་ལས་གཞི་བརྩོན་ལེན་དང་ཚོང་ལམ་བཙལ་བས་ད་ལྟའི་གསོ་སྤེལ་ར་བ་གཉེར་སྐྱོང་བྱས་པ་ཧ་ཅང་བཟང་།

“གསོ་སྤེལ་ར་བ་གཉེར་སྐྱོང་བྱས་པ་ནས་ད་བར་དུ་ལུག་ཉིས་བརྒྱ་བཙོངས་པ་དང་། ཡོང་འབབ་སྒོར་ཁྲི་དགུ་ཡས་མས་བླངས། ད་ལོར་ད་དུང་ལུ་གུ་ཉིས་བརྒྱ་ལྷག་རྩེབས་ཡོད་པ་དང་མཐའ་འཁོར་གྱི་བོན་ཚང་མ་སྡེ་བར་ཡང་ཉོ་འདོད་ཡོད་པས་ཚོང་ལམ་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ལུག་གི་གཟན་ཆས་དང་འབྲུ་རིགས་ཚང་མ་རང་སྡེ་བ་ནས་ཉོས་པ་ཡིན་པས་ཚང་མར་ཡང་མཉམ་གཅིག་ཏུ་ཁེ་བཟང་རེག་ཏུ་བཅུག་སོང་ལ། འདེབས་འཛུགས་ཀྱི་བརྩོན་སེམས་ཀྱང་ཇེ་ཆེར་གྱུར་པས་ས་རྒོད་དུ་བསྐྱུར་ཡོད་པ་མེད་པར་གྱུར།”

སྒྲོལ་མ་སྐྱབས་ཀྱིས་གསོ་སྤེལ་ར་བ་འདིའི་བཟང་ཆ་སྐད་ཆ་གཅིག་གཉིས་ཙམ་གྱིས་བཤད་ཚར་བ་ཞིག་མིན་ཞེས་བཤད།

མཛོད་ཁང་དུ་གསར་འགོད་པས་རི་བོའི་གཏོས་དང་མཉམ་པའི་འབྲུ་རིགས་དང་གཟན་ཆས། ད་དུང་གཟན་རྩྭ་སྐམ་པོ་བསྡམས་ལོག་འགའ་ཡོད་པ་མཐོང་། བིས་མདོ་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཤ་བོ་རྒྱལ་གྱིས་བཤད་རྒྱུར། གཟན་ཆས་དང་གཟན་རྩྭ་མང་ཆེ་བ་ནི་སྡེ་མི་རྣམས་ཀྱིས་རིན་མེད་ངང་བསྐྱལ་ཡོང་བ་རེད། ད་ལྟའི་བར་དུ་སྡེ་བའི་ནང་གི་ཁྱིམ་ཚང་ཚང་མས་གསོ་སྤེལ་ར་བར་གཟན་ཆས་དང་གཟན་རྩྭ་བསྐྱལ་མྱོང་ཡོད།

“གསོ་སྤེལ་ར་བ་ཡོད་པ་ནས་བཟུང་སྡེ་བར་ཐུན་མོང་དཔལ་འབྱོར་མེད་པའི་ལོ་རྒྱུས་མཇུག་རྫོགས་ཏེ། ལས་རྐང་མཁོ་འདོན་བྱས་ནས་སྡེ་མིའི་ཡོང་འབབ་ཇེ་མང་དུ་བཏང་བ་དང་། གསོ་སྤེལ་ར་བར་དེ་འདྲའི་ལུག་མང་པོ་ཞིག་ཡོད་པ་མཐོང་སྐབས་སྡེ་མི་ཚོས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། མ་འོངས་པའི་འཕེལ་རྒྱས་ལའང་སྔར་ལས་ལྷག་པའི་ཡིད་ཆེས་ཀྱིས་ཁེངས་འདུག ”

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།