གསེར་བཟང་སྡེ་བའི་འཕོ་འགྱུར།
2023.10.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

“ང་ཚོ་ནི་ཏང་ཡོན་ཡིན་ལ། གསེར་བཟང་སྡེ་བའི་སྡེ་མིའང་ཡིན། ང་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་རོལ་བར་སྣེ་འཁྲིད་དགོས།” ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གསེར་བཟང་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་སོང་བ་ན། ཧྲུའུ་ཅི་དང་པོ་ཀྲང་ཡུན་ལུང་གིས་སྡེ་བ་ཡོངས་ཀྱི་ཏང་ཡོན་ལ་ཏང་གི་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། ཏང་ཡོན་ཚོས་ཀྱང་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་ལ་ཉན་ཏེ་ཟིན་བྲིས་འདེབས་ཀྱིན་འདུག དེ་ནི་གསེར་བཟང་སྡེ་བའི་ཏང་ཡོན་སློབ་སྦྱོང་ཚོགས་ཆེན་གྱི་ཉིན་རྒྱུན་གྱི་རྣམ་པ་ཡིན་ལ། ཏང་རྩ་འཛུགས་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་གྲུབ་འབྲས་གསར་ཤོས་དེ་ཡང་ཡིན།

ལོ་གཉིས་ཀྱི་སྔོན་དུ། སྐབས་བརྗེ་སྔོན་གྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཏང་ཡོན་གྱི་བསམ་བློའི་སློབ་གསོ་ཞན་པ་དང་གཞི་རིམ་ཏང་རྩ་འཛུགས་ལ་ཀུན་གྱིས་བློ་མི་འཁེལ་བ་སོགས་ཀྱི་གནད་དོན་ཡོད་པས། གསེར་བཟང་སྡེ་བའི་ཏང་ཀྲི་པུའུ་གཉོམ་ཆུང་ལྷོད་གཡེང་གི་ཏང་རྩ་འཛུགས་ཀྱི་གྲས་སུ་ཚུད། དུས་དེ་ནས་བཟུང་དག་ཐེར་གྱི་འགན་འཁྲི་དེ་སྐབས་གསར་པའི་འགོ་ཁྲིད་ཚན་ཆུང་གི་ཕྲག་ཏུ་བབས་པ་རེད།

འོམ་ཆུ་གྲོང་རྡལ་ཏང་ཨུས་གཉོམ་ཆུང་ལྷོད་གཡེང་གི་ཏང་རྩ་འཛུགས་དག་ཐེར་བྱེད་པ་དེ་བྱ་བ་འགངས་ཆེན་ཞིག་ཏུ་བརྩིས་ནས་ལེགས་འཛིན་བྱས་པ་དང་། བསམ་བློ་དག་ཐེར་དང་རྩ་འཛུགས་དག་ཐེར་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས། བརྗོད་དོན་ཏང་གི་ཉིན་མོ་དེ“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དངོས་འབེབས་བྱེད་པའི་ཐེག་བྱད་གཙོ་བོར་བརྩིས་ཐོག ཏང་ཡོན་ལ་དམངས་གཙོས་དཔྱད་གླེང་དང་སེམས་གཏམ་བཤད་པ་དང་མཐུད་སྦྲེལ་བྱས་ཏེ། ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་ལ་ཤུགས་བསྣན།

“ཏང་ཨུས་མི་སྣ་ཆེད་མངགས་ཀྱིས་ཐེངས་རེའི་རྩ་འཛུགས་འཚོ་བར་ལྟ་སྐུལ་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས་ཏེ། ཏང་ཡོན་གྱི་བསམ་བློའི་མཚོན་ཚུལ་དང་བྱས་འབྲས། སྒྲིག་ལམ་བརྩི་སྲུང་ཕྱོགས་ཀྱི་མཚོན་སྟངས་དུས་ཐོག་ཏུ་ཁོང་དུ་ཆུད་པར་མ་ཟད། གཟའ་འཁོར་རེར་སྒྲིག་ལམ་སློབ་གསོ་སྤེལ་ཞིང་ཏང་གཤིས་སྦྱོང་བརྡར་མངོན་གསལ་དོད་པོ་ཡོང་བར་བྱས་ནས། སྒྲིག་ལམ་སྲུང་བ་དང་སྒྲིག་སྲོལ་བརྩི་བ། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་ཡོད”ཅེས་འོམ་ཆུ་གྲོང་རྡལ་གྱི་རྩ་འཛུགས་ཨུ་ཡོན་དཔལ་མཚོ་རྒྱལ་གྱིས་དེ་ལྟར་བཤད།

ལོ་གཉིས་ཀྱི་རིང་ལ། གསེར་བཟང་སྡེ་བས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་དང་སློབ་སྦྱོང་ཚོགས་ཆེན་སྣ་ཚོགས་བསྡོམས་པས་ཐེངས105སྤེལ་ཏེ། སྡེ་བའི་ལས་བྱེད་པ་དང་ཏང་ཡོན་དཔུང་སྡེའི་སྤྱིའི་བྱང་ཚད་དངོས་གནས་ཇེ་མཐོར་བཏང་། དེ་དང་མཉམ་དུ། རང་སྡེ་བའི་ཕྱིར་ཕ་ཡུལ་དུ་ལོག་པའི་ལས་ཞུགས་ན་གཞོན་དང་མཐར་ཕྱིན་སློབ་ཆེན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་བཅས་ཀྱི་ཁྲོད་ཏང་ཡོན་སྐྱེད་སྲིང་བྱས་ཏེ། ལོ་གཉིས་ཀྱི་རིང་ལ་བསྡོམས་པས་ཏང་ཡོན་གཉིས་སྐྱེད་སྲིང་བྱས་ཤིང་། “223གྱི་འཇོན་མི་བང་མཛོད”དུ་མི་བཅུ་བཞི་བཞག་པ་དེ་ཚོ་ཆ་སྙོམས་ཀྱིས་ལོ35མན་ཡིན་ལ། ཏང་ཡོན་དཔུང་སྡེར“ཁྲག་རྒྱུན”གསར་པ་བསྣན།

ལྷ་ཐར་འབུམ་ནི་གསེར་བཟང་སྡེ་བའི་འབྲོག་པ་ཞིག་ཡིན་ལ། གློ་བུར་དུ་བྱུང་བའི་དོན་རྐྱེན་ཞིག་གིས་ཁོ་རང་སྨན་ཁང་དུ་ཞག་སྡོད་བྱས་པ་དང་། སྨན་རིན་ཧ་ཅང་མཐོ་བས་མ་གཞི་ནས་འབྱོར་བ་ཞན་པའི་ཁོ་ཚང་ནི་མུ་གེའི་ཐོག་ལ་ཟླ་ལྷག་ཅེས་པའི་དཔེ་རུ་གྱུར། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙན་མགོན་ཚེ་རིང་གིས་གནས་ཚུལ་དེ་ཤེས་རྗེས། དུས་ཐོག་ཏུ་སྨན་ཁང་དུ་ཁོ་ལ་ལྟ་རུ་སོང་བར་མ་ཟད། ད་དུང་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་གྲོས་བསྡུར་བྱས་ཏེ། གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི་གསུམ་དང་སྟོང་དགུ་རེ་ཞུ་བྱས་ལ། རང་སྡེ་བའི་སྡེ་མིར་སྐུལ་སློང་བྱས་ནས་སྒོར་འབུམ་གཅིག་ལྷག་ཞལ་འདེབས་སུ་ཕུལ། “ཏང་ཡོན་བློ་མཐུན་རྣམ་པ། ཉིན་འགའི་སྔོན་ལ་ཆར་ཆེན་བབས་པས། ཨ་ཁུ་ཁྲོ་རྒྱལ་ཚང་གི་བགྲོད་ལམ་ཆུས་བསྣུབས་པ་རེད། སང་ཉིན་ང་ཚོ་ཚང་མ་ཧྲི་ལུང་ཞོལ་མ་ལུང་བར་སོང་ནས་ཆུ་ལམ་བསྒྱུར་དགོས།”ས་བབས་དམའ་བས་ཆུ་ལམ་འགྱུར་སླ་ཞིང་། མང་ཚོགས་ཀྱི་ཁྱིམ་དུའང་ཆར་ཆུ་ལྡུག་པའི་སྣང་ཚུལ་འབྱུང་སླ་བས། བཙན་མགོན་ཚེ་རིང་གིས་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་བཏང་བ་རེད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་མང་ཚོགས་ཀྱིས་མཉམ་གཅིག་ཏུ་འབད་པ་བྱས་མཐར། ཧྲི་ལུང་ཞོལ་མ་ལུང་བའི་ཆུ་ལམ་མགྱོགས་མྱུར་སྒོས་བཅོས་སྐྱོང་ཐུབ་པ་བྱུང་།

དམངས་འཚོའི་དོན་དངོས་རེ་རེའི་ལྟག་རྒྱབ་ཏུ། གསེར་བཟང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་ཏང་ཡོན་ཡོངས་ཀྱི་བསམ་པའི་འདུ་ཤེས་དང་ལག་ལེན་ལ་ཡོངས་སུ་འགྱུར་ལྡོག་བྱུང་བ་མངོན་ཡོད། 2022ལོའི་ཟླ3པར། གསེར་བཟང་སྡེ་བས“སྲོག་ཤིང་གཅིག་དང་རུ་ཁག་ལྔའི་དར་སྤེལ་ལ་སྐུལ་འདེད་བྱེད་པའི”རུ་ཁག་ལྔ་བཙུགས་པ་དང་། ཀྲི་པུའུ་ཏང་ཡོན་གྱིས་རང་འགུལ་ངང“མིང་ཐོ་བཀོད་ཅིང་།” སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་སྐུལ་འདེད། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་། རིག་གནས་དྲིལ་སྒྲོག་སོགས་ཀྱི་བྱ་བར་ཞུགས་ཏེ། གྲོང་གསེབ་དར་སྤེལ་གྱི་ལས་དོན་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཀུང་སི་དང་མཉམ་ལས་ཁང་། འཁོར་རྒྱུག་མ་མོ། རྩྭ་ས་གླ་གཏོང་། རང་གཉེར་ལྕགས་རྟ་རོལ་རྩེད་ཁང་སོགས་ལ་མ་རྐང་འཇོག་པའི་རྣམ་པར་བརྟེན། ལོ་དེའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་བཞི་དང་ཁྲི་གཅིག་སྟོང་གཅིག་ལྷག་ལ་སླེབས་ཏེ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་སོང་།

“སྡེ་བའི་ཐུན་མོང་ལ་སྒོར་མོ་ཡོད་པས། ན་ནིང་ང་ཚོས་སྒོར་འབུམ་གཅིག་དང་ཁྲི་གཅིག་སྡེ་མིའི་གྲོང་གསེབ་དར་སྤེལ་ཉེན་འགོག་དང་མཉམ་ལས་སྨན་བཅོས་ཉེན་འགོག་ལ་སྤྲད་པར་མ་ཟད། ད་དུང་གཞུང་ལམ་ཞིག་གསོ་བྱས་པས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད”ཅེས་བཙན་མགོན་ཚེ་རིང་དགོད་ཞོར་དུ་བཤད་བྱུང་།

ཏག་ཏག་ལོ་གཉིས་ལྷག་གི་རིང་ལ། སྔོན་ཆད་ཀྱི་གཉོམ་ཆུང་ལྷོད་གཡེང་གི་གསེར་བཟང་སྡེ་བའི་ཏང་ཀྲི་པུའུ་དེ། ད་ལྟ་སྡེ་མིའི་ཡིད་ཆེས་དང་དགའ་བསུ་ཆེན་པོ་ཐོབ་པའི་གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་ཞིག་ཏུ་གྱུར་ཅིང་། བསམ་པའི་རྣམ་པ་གསར་པར་གྱུར་ཡོད།

“ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། སྡེ་བའི་ཐུན་མོང་ངོས་འཛིན་གོང་བུར་བསྒྲིལ།”འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཞན་པོ་ཡིས་གསེར་བཟང་སྡེ་བའི་འགྱུར་ལྡོག་ལ་རྒྱུ་རྐྱེན་གཉིས་ཡོད་པར་སྙམ་སྟེ། “གྲོང་རྡལ་ཏང་ཨུས་སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ལེགས་འདེམས་ཧྲིལ་བསྡུས་བྱེད་པ་གཙོར་བཟུང་སྟེ། ནུས་སྟོབས་ཆེ་བའི་འགོ་ཁྲིད་ཚན་ཆུང་སྒྲིག་འཛུགས་བྱས་ཐོག སྡེ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་གོ་གནས་གཙོ་བོ་སྲ་བརྟན་དུ་བཏང་བ་དང་། ཚད་ལྡན་ཅན་གྱི་འཛུགས་སྐྲུན་གཞི་འཛིན་ས་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། དེ་དང་ཆབས་ཅིག་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་དམངས་འཚོའི་གནད་དོན་ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་ནན་མོ་བྱས་ནས། མང་ཚོགས་ཀྱི་རེ་ཞུར་ཁ་ཡ་བྱེད་མཁན་ཡོད་པ་དང་དུས་ཐོག་ཏུ་ཁ་ཡ་བྱེད་དགོས་པར་བཏང་བ་དེ་རེད།”

“མིག་སྔར། སྡེ་བས་རྐང་ཚ་དགོན་ཆེན་གྱི་གཟུགས་འདས་ཟློས་གར་རིག་གནས་ལ་བརྟེན་ནས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ད་ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་སྒོར་འབུམ་ལྔ་ལས་བརྒལ་བར་འཆར་གཞི་འཐེན་གྱིན་འདུག”ཅེས་བཙན་མགོན་ཚེ་རིང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།