དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་བུད་མེད་ཀྱི་གཟི་བརྗིད་མངོན་པར་བྱེད་དགོས།
2023.10.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

 ཉེ་ལམ།  ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས། དེ་ལས་ཀྲུང་གོའི་བུད་མེད་དུང་ཕྱུར་མང་པོ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་པར་སྐུལ་སློང་ཁྲིད་སྟོན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

བུད་མེད་ཀྱི་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས། བུད་མེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཆེན་པོ་བཏང་སྟེ། ཏང་གིས་བུད་མེད་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་སྒྱུར་གྱི་ལས་འགན་བཀོད་སྒྲིག  ཕྱོགས་ཡོངས་ཐད་བུད་མེད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས། རང་རྒྱལ་གྱི་བུད་མེད་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱི་རྒྱ་ཆེའི་བུད་མེད་རྣམས་དུས་རབས་དང་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་། མེས་རྒྱལ་དང་མཉམ་དུ་འབད་འཐབ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་པ་བཅས་བྱས་ནས།  བུད་མེད་ཀྱི་ཞུམ་མེད་དཔའ་ཉམས་དང་འབད་བརྩོན་ལ་བརྟེན་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱས་པར་ནུས་པ་གལ་ཆེན་ཐོན་ནས་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་མངོན་ཡོད།

བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནི་ཏང་གིས་བུད་མེད་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་དང་། ཏང་གིས་བུད་མེད་ལས་དོན་སྤེལ་བའི་ལས་རོགས་འཇོན་པོ་ཞིག བུད་མེད་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་བཅས་ཡིན། དུས་རབས་གསར་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོའི་ཏང་གིས་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་གཏོང་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་།  དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་བུད་མེད་ཀྱི་ལས་དོན་འཕེལ་རྒྱས་གཏོང་བ་དང་བུད་མེད་ཀྱི་ལས་དོན་ཡག་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་པའི་ཚུན་ལ།  རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞབས་ཞུ་འབྲེལ་གཏུག་གི་ལས་དོན་ལ་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་བཅོས་སྒྱུར་གསར་གཏོད་བྱེད་ཕོད་པ་བྱས་ནས། རྒྱ་ཆེའི་བུད་མེད་རྣམས་ཏང་གི་མཐའ་འཁོར་དུ་གཅིག་ཏུ་བསྡུས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་རྣམ་པ་གསར་པ་བཏོད་པ་དང་། རང་རྒྱལ་གྱི་བུད་མེད་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་རིས་སུ་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བར་བུད་མེད་ནི་སྟོབས་ཤུགས་གལ་ཆེན་ཞིག་ཡིན”ཞིང་།  “ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་པར་བུད་མེད་ཚུད་པའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།  སྐྱོད་ལམ་གསར་པར་དེང་རབས་ཀྲུང་གོའི་བུད་མེད་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། རླབས་ཆེན་ལས་དོན་འཛུགས་སྐྲུན་པ་དང་།  དཔལ་ཡོན་དར་སྲོལ་དར་སྤེལ་གཏོང་མཁན། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ཏེ་བུད་མེད་ཀྱི་བརྩོན་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐུལ་སློང་དང་། བུད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བུད་མེད་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་བཅས་བྱས་ཚེ། རྒྱ་ཆེའི་བུད་མེད་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་ཐུབ་ངེས་ཡིན། ཏང་གི་བུད་མེད་ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་རང་རྒྱལ་མི་གྲངས་ཀྱི་ཕྱེད་ཀ་ཙམ་ཟིན་པའི་བུད་མེད་ལ་མཐུན་སྒྲིལ་དང་གོང་བུར་སྒྲིལ་བ་དང་འབྲེལ་བ་ཡོད་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་རྒྱུ་དང་འབྲེལ་བ་ཡོད། རྒྱ་ཆེའི་བུད་མེད་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཟམ་པ་དང་འབྲེལ་ཐག་དང་ལས་རོགས་འཇོན་པོ་བཅས་ཀྱི་ལས་ཀའི་ངེས་གནས་ཁོང་དུ་ཡག་པོ་ཆུད་པར་བྱེད་པ།  རྒྱ་ཆེའི་བུད་མེད་ལ་འབྲེལ་གཏུག་དང་ཁོང་ཚོར་ཞབས་འདེགས་ཞུ་རྒྱུ་དེ་བྱ་བའི་གཙོ་རྐང་དུ་བརྩིས་ནས་རྒྱ་ཆེའི་བུད་མེད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་བདག་པོའི་སྙིང་སྟོབས་འཕེལ་བར་བྱས་ཏེ། བུད་མེད་ཀྱི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཚེ། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཡོངས་ཁྱབ་ཏུ་ཏང་གི་ལས་དོན་ཆེད་དུ་བུད་མེད་ཀྱི་སྟོབས་ཤུགས་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་ཐུབ་ངེས་ཡིན།

“ཀྲུང་གོའི་ཕུགས་འདུན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་ཡིན་ལ། ཀྲུང་གོའི་བུད་མེད་ཡོངས་ཀྱི་ཕུགས་འདུན་ཡང་ཡིན” སྐྱོད་ལམ་གསར་པར་བུད་མེད་ཚང་མ་ནི་དུས་རབས་ཀྱི་ལག་ལེན་པ་དང་ཕུགས་འདུན་དོན་གཉེར་བྱེད་མཁན་ཤ་སྟག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར།  བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཐོག་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་སྐྱོད་ལམ་གསར་པར་བུད་མེད་ཀྱི་གཟི་བརྗིད་དང་བྱས་རྗེས་ངོ་མཚར་ཅན་འཇོག་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།