རྨ་ཆུ་ནི་མི་དམངས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཆུ་བོར་གྱུར།
2023.10.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་སུ་གནས་པའི་རྨ་ཆུའི་འགྲམ་རྒྱུད་དུ།“རྨ་ཁུག་རྩྭ་ཐང”ཞེས་འབོད་པའི་རྩྭ་ཆུ་ཉིས་འཛོམས་ཀྱི་འབྲོག་ས་ཞིག་ཡོད། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་མདོ་གསུམ་སྡེ་བ་ནི་རྩྭ་ཐང་འདིའི་ལྟེ་བར་གནས་པའི་འབྲོག་སྡེ་ཆུང་ཆུང་ཞིག་ཡིན། ལོ་ན41ལ་བུད་པའི་བཀྲ་ཤིས་ཆོས་འཕེལ་དང་ཆུང་མ། བུ་དང་བུ་མོ་རྣམས་ཀྱིས་གནས་དེར་འཚོ་བ་རོལ་བཞིན་ཡོད།

དྭངས་ཤིང་གཙང་བའི་རྨ་ཆུ་ས་ཁོངས་བརྒྱུད་ནས་རྒྱང་ལ་བཞུར་ཅིང་། ནོར་གནག་ནི་མུ་ཏིག་ནག་པོ་རེ་རེ་དང་འདྲ་བར་མཐའ་ཡས་པའི་རྩྭ་ཐང་དུ་བཀྲམ་ཡོད་ལ། འཕྱི་བ་རྣམས་འཕྱི་ཁུང་ལས་མགོ་བོ་ཕྱི་ལ་འབུད་པ་དང་། ཁྲུང་ཁྲུང་སྐེ་ནག་གིས་སྐབས་རེར་མགོ་བོ་སྒུར་ནས་རྒུམ་བུ་འཐུ་ཞིང་སྐབས་རེར་གཤོག་པ་བརྐྱངས་ནས་མཁའ་རུ་འཕུར། གསེར་མདོག་གི་དུས་ཚིགས་དེར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཆམ་མཐུན་དང་མཛེས་སྡུག་གི་ཡུལ་ལྗོངས་གང་མང་ཞིག་གསར་འགོད་པའི་མིག་གི་དགའ་སྟོན་དུ་གྱུར།

རྨ་ལྷོ་ཁུལ་ནི་མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་ས་ཆུ་འཆོར་བ་སྔོན་འགོག་དང་སྲུང་སྐྱོབ་བྱེད་པའི་གཙོ་གནད་ས་ཁུལ་དང་གཙོ་གནད་ཆུ་ཁུངས་གསབ་སྤྲོད་བྱེད་ཡུལ་ཡིན་ལ། རྨ་ལྷོའི་རྒྱུད་དུ་རྨ་ཆུའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་ང་བདུན་ཡོད།

ཧི་ནན་རྫོང་ནི་རྨ་ལྷོ་ཁུལ་གྱི་ལྷོ་ཕྱོགས་སུ་གནས་ཤིང་། མཚོ་འཕང་སྨི3600ཡིན་ལ། ས་ཁོངས་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་སྟོང་དྲུག་དང་བདུན་བརྒྱ་ཡོད་པའི་མངའ་ཁོངས་སུ། རྨ་ཆུའི་ཆུ་ལག་ཏུ་གྱུར་པའི་ཆུ་རྒྱུན་ཆེ་ཆུང་མང་པོ་ཁྲག་རྩ་བཞིན་དུ་གང་སར་ཁྱབ་ཡོད། རྨ་ཆུའི་ཆུ་ལག་སྲུང་སྐྱོབ་བྱ་ཆེད། ཧི་ནན་རྫོང་གིས་རིམ་བཞིའི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལས་གཞན། ཆུ་བོར་སྐོར་སྲུང་བྱེད་པའི་འབྲོག་པ་ཞེ་དགུ་བདམས་ཏེ། རང་ཁྱིམ་གྱི་སྒོ་དྲུང་ནས་མགོ་བཙུགས་ཏེ་རྨ་ཆུར་བདག་སྐྱོང་བྱས།

ལོ་ན31ལ་སོན་པའི་སྟག་ལྷ་ཚེ་རིང་ནི་འབྲོག་པ་ཆུ་བོ་སྐོར་ཞིབ་པའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོ་སྡོད་སའི་གསེར་ལུང་ཡུལ་ཚོ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཀླུ་ཆུའི་མགོ་ཁུངས་ཡིན་ལ། གཟའ་འཁོར་རེར་ཁོས་གཏན་འཁེལ་བྱས་ཡོད་པའི་ཆུ་རྒྱུད་དུ་ཆུ་བོར་སྐོར་ཞིབ་ཐེངས་རེ་བྱེད་དགོས། “ཆུ་ནང་དུ་གད་སྙིགས་ཡོད་མེད་དང་། ཆུ་ལོག་གི་བཞུར་རྒྱུན་ལ་ཤུགས་རྐྱེན་ཐེབས་མིན་ལ་བལྟས་པ་ཡིན”ཞེས་སྟག་ལྷ་ཚེ་རིང་གིས་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་ལ། ས་དེའི་མཚོ་ངོས་ལས་མཐོ་ཞིང་སྐྱེ་ཁམས་ཁོར་ཡུག་ཞན་པའི་དོན་དངོས་ལ་གཞིགས་ཏེ། ཧི་ནན་རྫོང་གིས་ཆུ་ཁུངས་གསོ་གསོག་ལ་མཐོང་ཆེན་བྱས་ཤིང་། མ་ལག་རང་བཞིན་གྱི་བཅོས་སྐྱོང་ལག་བསྟར་བྱས། ཧི་ནན་རྫོང་གི་རྫོང་དཔོན་ཀང་ཧྥུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཆུའི་ཁོར་ཡུག་སྦགས་བཙོག་སྔོན་འགོག་བཅོས་སྐྱོང་དང་། ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན། རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། ཧི་ནན་རྫོང་གི་མངའ་ཁོངས་ཀྱི་རྨ་ཆུ་དང་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་རྩེ་ཆུ། ཀླུ་ཆུ་བཅས་ཀྱི་ཆུའི་སྤུས་ཚད100%ལ་སླེབས་ཡོད་པ་དང་། མཁའ་དབུགས་ལེགས་ཚད95.1%ལ་སླེབས་ཡོད།

“སྐྱེ་ཁམས་བཟང་མི་བཟང་དེ་རི་སྐྱེས་སྲོག་ཆགས་ལ་བལྟས་ན་ད་གཟོད་ཤེས་ཐུབ། ”སྐྱེ་ཁམས་ཁོར་སྲུང་དང་བླངས་པ་ཚེ་དབང་རྣམ་རྒྱལ་གྱི་བརྙན་མིག་ཏུ། འདས་པའི་བགྲང་བྱ10ཡི་རིང་ལ། ཧི་ནན་རྫོང་གི་ཇི་གིན་དང་། ཀླུ་ཆུའི་མགོ་ཁུངས་སོགས་ཀྱི་ས་ཁོངས་སུ། སྔོན་ཆད་རྗེས་ཤུལ་ཙམ་ཡང་འཚོལ་དཀའ་བའི་གསའ་དང་། ཁྲུང་ཁྲུང་སྐེ་ནག གླ་སྐྱ། གོ་བོ་སོགས་རི་སྐྱེས་སྲོག་ཆགས་སྣ་ཁ10ལྷག་མཐོང་། ཧི་ནན་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

འབྲོག་ཁུལ་གྱིས་ཆུ་ཁུངས་ཀྱི་གསོག་སྐྱིལ་ལ་གཙིགས་ཆེན་བྱེད་ཅིང་། གྲོང་ཁྱེར་གྱིས་ཆུའི་སྐྱེ་ཁམས་ལ་མཐོང་ཆེན་བྱེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་སྲིད་གཞུང་གནས་ཡུལ་ཐུན་རིན་གྲོང་ཁྱེར་དུ། རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་དགུ་ཆུ་བཞུར་གྱིན་ཡོད། གུང་ཇ་འཐུང་རྗེས། ལས་འཁྱུར་ངལ་གསོ་བྱས་ཡོད་པའི་དགེ་རྒན་ཞུའེ་ཆིང་ཕིན་གྱིས་རོང་བོ་དགུ་ཆུའི་འགྲམ་ངོགས་ཀྱི་ཆུ་ལམ་བརྒྱུད་ནས་འཆམ་འཆམ་ལ་འགྲོ་བཞིན་འདུག “ལོ་ངོ་བཅུ་ཁ་ཞིག་གི་ཡར་སྔོན་ལ། ཆུའི་ནང་གང་སར་གད་སྙིགས་མཐོང་རྒྱུ་ཡོད། བཙོག་པ་ཚང་མ་ཆུ་ནང་དུ་བཏང་བས། ཆར་བ་ཆེན་པོ་བབས་ཚེ། བཙོག་ཆུ་རྒྱས་ཏེ་དྲི་ངན་འཐུལ་ཡོང་། ལོ་འདི་འགར། བཅོས་སྐྱོང་བྱས་པ་བཟང་བས། ཡུལ་ལྗོངས་ཇེ་མཛེས་སུ་ཕྱིན་པ་དང་ཆུ་བོ་ཡང་དྭངས་གཙང་དུ་གྱུར་ནས། མི་ཚང་མར་འགྲོ་ས་ཡག་པོ་ཡོད”ཅེས་ཞུའེ་ཆིང་ཕིན་གྱིས་དེ་ལྟར་བཤད།

དེང་སྐབས་ཀྱི་རོང་བོ་དགུ་ཆུ་དང་མཛེས་སྡུག་གི་ཐུན་རིན་གྲོང་ཁྱེར་གྱིས་གཅིག་གིས་གཅིག་བརྒྱན་ཏེ། ཆུ་བོ་དྭངས་ཤིང་ཤང་ཤང་བཞུར་ལ། འགྲམ་ངོགས་སྔོ་ལྗང་ཡིན་པས་མཛེས་ཤིང་སྡུག

རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་རྨིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས་མ་ལག་ལྡན་པའི་བཅོས་སྐྱོང་དང་གཙོ་གནད་སླར་གསོ་བྱས་པ་བརྒྱུད། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་སླར་གསོ་ཤུགས་ཆེན་བྱས་པས། རྨ་ཆུའི་རྨ་ལྷོའི་དུམ་ཚན་གྱི་འགྲམ་ངོགས་གཉིས་ནི་རི་བོ་མཛེས་ཤིང་ཆུ་བོ་དྭངས་ལ། མངའ་ཁོངས་ལས་བརྒལ་སའི་བཅད་ངོས་དང་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད100%ལ་སླེབས་ཡོད་ལ། བཞུར་རྒྱུད་ཀྱི་ཆུ་དང་མཚེའུའི་ངོགས་ཀྱི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད། “ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག རྨ་ཆུར་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། མང་ཚོགས་ཕྱུག་འགྱུར་ཡོང་བར་བྱས་ཏེ། རྨ་ཆུའི་རྨ་ལྷོའི་བཞུར་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་བ་ཡིན”ཟེར།

ལོ་འགའི་སྔོན་ལ། གཅན་ཚ་རྫོང་གི་འབྲོག་མོ་དཀོན་མཆོག་སྒྲོལ་མ་མཚོ་འཕང་སྨི3400ཡོད་པའི་གཅན་ཚ་ཐང་ཡུལ་ཚོ་གཡོན་རུ་སྡེ་བ་ནས་རྨ་ཆུའི་འགྲམ་གྱི་གླེ་གཞུག་སྡེ་བར་གནས་སྤར་ནས་རྨ་ཆུའི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་གྱི་ལས་ལ་འཇུས།

“གླེ་གཞུག་སྡེ་བ་ནི་མཚོ་འཕང་སྨི2000ལའང་མི་ལོངས། གཅན་ཚ་རྫོང་གི་རྨ་ཆུའི་དུམ་ཚན་གྱི་ཉི་འོད་འཛོམས་ས་དང་ཡུལ་ལྗོངས་མཛེས་ས་ཡིན། ”མཚོ་སྔོན་ཧྲང་ཧའོ་ཞའོ་ཀྲུའུ་བཟའ་བཏུང་ཞབས་ཕྱི་ཚད་ཡོད་འགན་ལེན་ཀུང་སིའི་སྤྱི་གཉེར་པ་སུན་དབྱིན་དབྱི་ནི་ཀྲེ་ཅང་ཧུའུ་ཀྲོའུ་ནས་ཐོན་པ་ཡིན་ལ། ཁོས་རྨ་ཆུའི་མཛེས་ལྗོངས་འདི་བློར་བབས་ཏེ། མ་དངུལ་སྒོར་བྱེ་བ་བཞི་བཏང་ནས་གླེ་གཞུག་སྡེ་བའི་དམངས་སྲོལ་གཞིས་ཁྱིམ་ཡུལ་སྐོར་ལས་གཞི་བསྒྲུབས། “2022ལོའི་ཟླ6པར་སྒོ་ཕྱེ་བ་ནས་ད་ལྟའི་བར། དམངས་སྲོལ་གཞིས་ཁྱིམ་ལས་གཞིའི་ཡོང་སྒོ་ཁྱིམ་ཚང་གོ་དགུ་ལ་སྒོར་འབུམ་གཅིག་བགོས་པ་དང་། 2023ཟླ་དྲུག་པར་སླེབས་དུས། བགོ་བཤའི་མ་དངུལ་འབུམ་གཅིག་དང་ཁྲི་ལྔ་ལ་འཕར་ཡོད།”

2019ལོར་འཆར་གཞི་འགོད་མགོ་བརྩམས་ཤིང་། ལོ་རེར་འཆར་འགོད་ལྟར་འཛུགས་སྐྲུན་བྱས་ཏེ། ཏག་ཏག་ལོ་ངོ་བཞི་ལས་འགོར་མེད་རུང་། གླེ་གཞུག་སྡེ་བས་རྨ་ཆུའི་འགྲམ་གྱི་མཁའ་དབུགས་དང་ཡུལ་ལྗོངས་སོགས་ཀྱི་ལེགས་ཆར་བརྟེན་ནས། སྡེ་བའི་ནང་གི་དམངས་སྲོལ་གཞིས་ཁྱིམ་དང་། ཡུལ་སྐོར། གྱོན་ཆས་ལས་སྣོན་སོགས་ཀྱི་འཕེལ་རྒྱས་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད།

ཆུ་བོ་དྭངས་ལ། ཡུལ་ལྗོངས་ཡག་པ། མི་རྣམས་ཕྱུག་པོར་གྱུར་ཏེ། རྨ་ཆུ་ནི་རྨ་ལྷོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་བོ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།