དཀའ་སྤྱད་འབད་བརྩོན་དང་ནན་འཛིན་དངོས་སྒྲུབ་ལ་བརྟེན་ནས། ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པའི་རྫོང་ཁོངས་ཀྱི་ཚད་གཞི་བསྐྲུན།
2023.11.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཧེ་ཡན་རྫོང་ཏང་ཨུའི་ཧྲུའུ་ཅི་སངས་འབུམ་ལ་བཅར་འདྲི་བྱས་པའི་གནས་ཚུལ།

ད་ལོའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་དབུལ་ཐར་ མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གཙོ་གནད་འགན་འཁྲི་དང་དཔྱད་ཞིབ་ཕྱིར་ལྡོག་གནད་དོན་ལ་དམིགས་ཏེ། ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། འགན་འཁྲི་བརྒྱུད་སྤྲོད་ཐད་བྱེད་ཐབས་མང་པོ་སྤྱོད་པ། ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བའི་ཐད་གནད་ལ་ཁེལ་བར་ཤུགས་འདོན་པ། ཐོན་ལས་ཀྱིས་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་པ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  ལངས་གནས་མཐོ་བའིབཀོད་སྒྲིག་དང་། གོམ་སྟབས་གཅིག་གྱུར་གྱིས་སྐུལ་འདེད། གནད་ཁེལ་གྱིས་དཀའ་གནད་སེལ་བ། སྤུས་ཚད་མཐོ་བའི་སྒོ་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།  གསར་འགོད་པས་འདིའི་ཐད་ནས་མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཧེ་ཡན་རྫོང་ཏང་ཨུའི་ཧྲུའུ་ཅི་སངས་འབུམ་ལ་བཅར་འདྲི་བྱས།

གསར་འགོད་པས་དངོས་ཡོད་དང་ཟུང་འབྲེལ་སྒོས་དཔྱད་ཞིབ་ཕྱིར་ལྡོག་གནད་དོན་ལེགས་བཅོས་ཀྱི་ཆབ་སྲིད“རྒྱུགས་ཤོག”འདི་ལ། ཧེ་ཡན་རྫོང་གིས་ལེགས་བཅོས་བྱེད་པའི་ཐད་ལ་བྱ་བ་གང་དག་བསྒྲུབས་པ་ཡིན་ཞེས་དྲིས་པར།

སངས་འབུམ་གྱིས་བཤད་རྒྱུར།  ཧེ་ཡན་རྫོང་གིས་ཞིང་ཆེན་ཏང་ཨུའི“དེབ་གཅིག་ཐོ་གཅིག་ཁས་ལེན་གཅིག”གི་བྱ་བའི་བླང་བྱ་དང་ལེགས་བཅོས་རིམ་པ་གཅིག་གིས་དམའ་བའི་དོ་དམ་འགན་འཁྲི་ལྟར། དུས་ཐོག་ཏུ་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་ཚན་གཙོ་ཡིན་པའི་ལེགས་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་དང་།  རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཚན་གཙོའི་འགན་འཁུར་བའི་བྱ་བའི་ཚན་ཆུང12བཙུགས་པ་དང་། མགོ་ཁྲིད་ལས་བྱེད་པས་གཞི་རིམ་མང་ཚོགས་ལ་འབྲེལ་གཏུགས་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་རྐྱེན་སྲོལ་དང་།   ཏང་འཛུགས་བསགས་གྲངས་ལམ་ལུགས་བཅས་ཀྱི་དོ་དམ་བྱེད་ཐབས་ལ་བརྟེན་ནས། གོང་ནས་འོག་དང་མཉམ་འཛིན་དོ་དམ་གྱི་ལེགས་བཅོས་འགན་འཁྲི་མ་ལག་བཙུགས་པ་དང་། ལེགས་བཅོས་བྱ་བ་དང་དམིགས་འབེན་དཔྱད་ཞིབ་གཞི་གཅིག་ལ་སྦྲེལ་བ།  ཁ་གཏད་རང་བཞིན་གྱི་ལེགས་བཅོས་བྱེད་ཐབས་ཁག125ཞིབ་འཇུག་གཏན་འཁེལ་བྱས་ཤིང་།  མིག་སྔར།  ཕྱིར་ལྡོག་ངོས་འཛིན་དང་རང་བཤེར་གནད་དོན་ཁག30ཕྱོགས་ཡོངས་ནས་ལེགས་བཅོས་བྱས་ཡོད།

གསར་འགོད་པས་ལེགས་བཅོས་བྱ་བ་སྤེལ་བའི་ཚུན་ལ་ཕན་པ་གཙོ་བོ་དང་བྱ་བར་གྲུབ་འབྲས་གང་དག་བླངས་ཡོད་ཅེས་དྲིས་པར།

སངས་འབུམ་གྱིས་བཤད་རྒྱུར། ཧེ་ཡན་རྫོང་གིས་ཕྱིར་ལྡོག་གནད་དོན་ལེགས་བཅོས་གོ་སྐབས་སུ་བཟུང་སྟེ། ཤུགས་ཆེན་པོས་ཆད་ལྷག་དང་ཞན་ཆ་ཁ་གསབ། གྲུབ་འབྲས་སྲ་བརྟན། སྤུས་ཚད་མཐོར་འདེགས་བཅས་བཏང་བ་དང་། ཕྱིར་ལྡོག་གནད་དོན་ལེགས་བཅོས་སྐུལ་འདེད་ལ་ཕན་འབྲས་མངོན་གསལ་བླངས། གཅིག་ནི་ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་སྦྱིན།  2023ལོ་དེ“གཞི་རིམ་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་གཏོང་བའི”བརྗོད་དོན་ལོ་ལ་གཏན་འཁེལ་བྱས་པ་དང་། རྩྭ་ཐང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་དང་གང་འདོད་དུ་འཛུགས་སྐྲུན་བྱེད་པ་སོགས་ཆེད་དོན་འགུལ་སྐྱོད་ཆེན་པོ་དྲུག་མགོ་བརྩམས་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རའི་ནུས་པ་འདོན་སྤེལ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ནན་འཛིན་དངོས་སྒྲུབ་ཀྱིས་ཤུགས་ཆེན་པོས་དཀའ་གནད་སེལ་བ། ཤུགས་ཆེན་པོས་སྤྱི་པའི་ཕྱུགས་ལམ་སྒེར་འཛིན་དང་རྩྭ་ཐང་སྒྲིག་ལམ་མེད་པར་འཁོར་རྒྱུག་བྱེད་པ་སོགས་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་།  ཕྱུགས་ལམ་ཆ་ཚང་ལེགས་བཅོས་ལེགས་འགྲུབ་དང་། སྒྲིག་ལམ་མེད་པར་འཁོར་རྒྱུག་བྱེད་པའི་རྩྭ་ས་སྤྱི་ཆིང་སྟོང་ལྔ་ལྷག་ཚད་ལྡན་ལེགས་བཅོས་བྱས་པས། གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་སྒོས་ཐག་གཅོད་བྱས། གཉིས་ནི་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པར་ཕན་འབྲས་བླངས། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱས་པ་དང་། “དཔེ་སྟོན་གཉིས་ཀྱི་རྫོང”འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ནས་ཞིང་ཕྱུགས་ཐོན་རྫས་ལྗང་མདོག་སྐྱེ་ལྡན་ཕྱིར་གཏོང་གནས་ཀྱིས་སྣེ་ཁྲིད་བྱེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་དང་། “ཐོན་ལས་ཀྱི་རྟེན་གཞི་ཆེན་པོ་ལྔའི”འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། “ནོར་ལུག་ཁྲི་སྟོང”གི་འཆར་གཞི་ཤུགས་ཆེན་པོས་ལག་བསྟར་དང་། ཞིང་ཕྱུགས་ལས་རིགས་ལ“བདུན་ཅན་གཅིག”གི་གཞོགས་འདེགས་བཟོ་སྐྲུན་འཐུས་ཚང་དུ་བཏང་བ།  “ས་གནས་ཐོན་རྫས”ཕྱིར་འཚོང་ཁེ་ལས་གསོ་སྐྱོང་བྱས་པ།  ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ཁྱིམ་ཚང་ཕྱུགས་ར10གསར་འཛུགས་དང་། བོད་ལུག་གསོ་སྤེལ་རྟེན་གཞི4ལ་ལུག་ཁྱུ200ཡི་ལུག་ཁྲི4དང་། ནོར་གནག་གསོ་སྤེལ་རྟེན་གཞི2ལ་ ནོར་ཁྱུ20ཡི་ནོར2000ཅན་གྱི་རྟེན་གཞི་ལེགས་འགྲུབ་བྱུང་བ་དང་། རྒྱུད་བཟང་ཕྱུགས་རིགས90%ཡན་ལ་སླེབས་ཡོད།  གསུམ་ནི་ཐུན་མོང་དཔལ་འབྱོར་གྱིས་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་བརྟན་པོར་བཏང་། ཤུགས་ཆེན་པོས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བའི”ལས་གཞི་ལག་བསྟར་བྱས་པ་དང་། འདེབས་འཛུགས་དང་གསོ་སྤེལ། གྲོང་གསེབ་ཡུལ་སྐོར། ལས་སྣོན་བཟོ་སྐྲུན་སོགས་ཐོན་ལས་རང་བཞིན་གྱི་ཡོང་འབབ་ཀྱི་ཟིན་ཚད65%ཡིན་པ་དང་། ཐོན་ལས་ཕན་འབྲས་ཀྱི་སྣེ་ཁྲིད་མངོན་གསལ་ཡིན། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ29ཡི་ཐུན་མོང་དཔལ་འབྱོར་ཡོང་འབབ་ཚང་མ་གཏན་འཇགས་ཀྱིས་སྒོར་འབུམ་གཉིས་ཁྲི་ལྔ་ཡན་ཡིན་ལ།  སྡེ་བ69%ཡི་ཡོང་འབབ་སྒོར་འབུམ་གསུམ་ལས་བརྒལ་ཡོད།  2023ལོའི་ལོ་སྟོད་ལ། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར8024ཡིན་ལ། ལོ་སྔོན་མའི་དུས་མཉམ་ལས6.3%འཕར་ཡོད།  སྔོན་མའི་དུས་ཚིགས་གསུམ་ལ་དབུལ་ཐར་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་གཉིས་སྟོང་གསུམ་ལྷག་ཡིན་ལ། ན་ནིང་གི་དུས་མཉམ་ལས18.02%འཕར་ཡོད།  བཞི་ནི་ཞིང་སྡེར་རམ་འདེགས་བྱས་ནས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྣན།   ཡོང་འབབ་ཀྱི་གཙོ་གནད་གསར་པ་ཧུར་ཐག་གིས་གསོ་སྐྱོང་བྱས་ཤིང་།  ཕྱོགས་ཡོངས་ནས“འཛད་སྤྱོད་རོགས་སྐྱོར”འགུལ་སྐྱོད་ལག་བསྟར་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཛད་སྤྱོད་རོགས་སྐྱོར་སྦྲེལ་མཐུད་བྱ་བའི་ཚན་ཆུང་ལིན་དབྱི་ཡི་རྫོང6དང་། ཁེ་ལས3དང་ཀྲུང་ལུའི་ཚོགས་སྒྲིལ་གྱི་ཁོངས་གཏོགས་ཀུང་སི2ལ་སོང་ནས་འཛད་སྤྱོད་རོགས་སྐྱོར་བྱ་བ་སྦྲེལ་མཐུད་བྱས་པ་དང་། ཉོ་ཚོང་གྲོས་མཐུན12ལ་མིང་རྟགས་བཀོད། མིག་སྔར། ཧེ་ཡན་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔར་སླེབས་ཡོད།  ནོར་ལུག་ཕྱིར་འཚོང་ལ་སྐུལ་འདེད་དང་། རོང་འབྲོག་མང་ཚོགས་དང་དབུལ་ཐར་ཁྱིམ་ཚང་གི་མང་ཚོགས་ལ་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་བྱས་ཡོད།

གསར་འགོད་པས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རིག་ལམ་དང་འཆར་གཞི་ཅི་ཡིན་ཞེས་དྲིས་པར།

སངས་འབུམ་གྱིས་བཤད་རྒྱུར།   མ་འོངས་པར་ང་ཚོས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི“གོ་སྐབས་དམ་འཛིན་དང་དངོས་སྒྲུབ་དོན་གཉེར”གྱི་འབོད་སྐུལ་ལྟར།  བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་གོ་སྐབས་སུ་བཟུང་ནས། མུ་མཐུད་དུ་ཏང་གི་འཛུགས་སྐྲུན་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པའི“དར་སྤེལ་ཆེན་པོ་ལྔ”གཏིང་ཟབ་སྒོས་སྤེལ་བ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་གཙོ་གནད་དང་དཀའ་གནད་ལ་དམིགས་པ། ཐོག་མཐའ་བར་གསུམ་དུ་ཞན་ཆ་དང་མི་འདང་ས་ཁ་གསབ་བྱེད་པ། “ཉིན་བརྒྱའི་མཁྲེགས་གཏོར”འགུལ་སྐྱོད་ཁྲོད། སྔར་ལས་གནད་ཁེལ་གྱི་བྱེད་ཐབས་དང་། སྔར་ལས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྔར་ལས་གཟབ་ནན་གྱི་ཚད་གཞི་བཅས་ལ་བརྟེན་ནས།  རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་གནད་དོན་གྱི་ཕྱོགས་སུ་ཟབ་ཞུགས་དང་། ལས་སྒྲུབ། དངོས་ཕན་དོན་གཉེར་བཅས་བྱས་ཏེ། ཞིང་པའི་ཡོང་འབབ་འཕར་སྣོན་དང་། ཐོན་ལས་འཕེལ་རྒྱས། ཁོར་ཡུག་ལེགས་བཅོས། དཔལ་ཡོན་མཐོར་འདེགས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་ཁྲོད་དཔེ་སྟོན་དང་། མདུན་དུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གཏོང་བའི་རྫོང་ཡོངས་ཀྱི་ཚད་གཞི་བསྐྲུན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།