མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་སྟོབས་ལ་བཅར་འདྲི་བྱས་པའི་གནས་ཚུལ།
ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་ལྟ་སྐུལ་ཚོགས་པའི་ཕྱིར་ལྡོག་གནད་དོན་དག་ཐེར་བྱ་བ་དངོས་འབེབས་ནན་འཛིན་བྱས་ཏེ། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། གསར་འགོད་པས་འདིའི་ཐད་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་སྟོབས་ལ་བཅར་འདྲི་བྱས།
གསར་འགོད་པས་ཁྱོད་ཀྱིས་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ་ཕྱིར་ལྡོག་གནད་དོན་དག་ཐེར་དང་དཔྱད་ཞིབ་དཔྱད་དཔོག་བྱེད་པའི་ཆབ་སྲིད་ཀྱི“དྲི་གཞི”འདིར་དམིགས་ནས། གཅིག་སྒྲིལ་རྫོང་གིས་དག་ཐེར་བྱ་བ་ཏན་ཏིག་གིས་སྤེལ་བར་བྱ་བ་གང་དག་བསྒྲུབས་ཡོད་ཅེས་དྲིས་པར།
བསོད་ནམས་སྟོབས་ཀྱིས་བཤད་རྒྱུར། གཅིག་སྒྲིལ་རྫོང་གིས་ཞིང་ཆེན་ཏང་ཨུའི“དེབ་གཅིག་ཐོ་གཅིག་ཁས་ལེན་གཅིག”གི་བླང་བྱར་དཔེ་བསྡུར་བྱས་ཏེ། ཕྱིར་ལྡོག་གནད་དོན་དག་ཐེར་དང་དཔྱད་ཞིབ་དཔྱད་དཔོག་བྱེད་པའི་གྲོས་གཞི་བཟོས་བ་དང་། ཆེད་དོན་ཚན་ཆུང་དགུ་བཙུགས་ཏེ་བྱ་བ་བསྒྲུབས་པར་མ་ཟད། ཕྱིར་ལྡོག་གནད་དོན་དག་ཐེར་བྱེད་པའི་ཁག་ཐེག་ཡི་གེར་མིང་རྟགས་བཀོད་པ་དང་། གནད་འགག་ཉུང་ཤས་དམ་འཛིན་དང་འཇོན་མིའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་བ། སྤྱོད་ཚུལ་ལེགས་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། “རྩིས་ཐོ་རྣམ་པའི་དོ་དམ”དང“ཐོ་བསུབ་ལམ་ལུགས་དོན་འཁྱོལ”གྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། རྫོང་ཡོངས་ཀྱི་རྫོང་རིམ་པའི་ལས་བྱེད་པ22ཀྱིས་སྣེ་ཁྲིད་དེ་འབྲེལ་གནས་སྡེ་བར་ཡོངས་སུ་ཁེབས་པ། “གནས་དང་གནས་སྦྲེལ་བའི”དོ་དམ་དང་རོགས་སྐྱོར་ལག་བསྟར་བྱེད་པ། འགན་འཁྲི་ཞིབ་རྒྱས་སུ་གཏོང་བ་དང་། དག་ཐེར་བྱ་བར་དུས་བཅད་ལྟར་བཀོད་གཏོང་བྱེད་པ། གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་ལེགས་པོ་ཞིག་གྲུབ་ཡོད། མིག་སྔར་ཕྱིར་ལྡོག་གནད་དོན་མཐའ་དག་ཡོངས་སུ་ཐག་བཅད་ཡོད་ཟེར།
གསར་འགོད་པས་དག་ཐེར་བྱ་བ་མགོ་བརྩམས་པ་ནས་བཟུང་གྲུབ་འབྲས་དང་ཉམས་མྱོང་གང་དག་བླངས་ཡོད་ཅེས་དྲིས་པར།
བསོད་ནམས་སྟོབས་ཀྱིས་བཤད་རྒྱུར། གཅིག་ནི་ལས་ཞུགས་ཡོང་སྤར་ཐད་ཐོད་བརྒལ་གསར་པ་བྱུང་ཡོད། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལས་འགན་ཚད་ལས་བརྒལ་ཏེ་ཡོངས་འགྲུབ་བྱས་ཡོད། ང་ཚོའི་རྫོང་གི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཐབས་ལམ་རྒྱུན་མཐུད་སྒོས་རྒྱ་བསྐྱེད་པ་དང་། མིག་སྔར། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་བྱས་པའི་མི2504ཡོད་པ་དང་། ཡུལ་གཞན་ལ་གནས་སྤར་ནས་ལས་ཞུགས་བྱས་པའི་ངལ་རྩོལ་པ1888ཡོད་ལ། ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་སོ་སོར་མི304དང་མི788ལས་བརྒལ་ཡོད། 2023ལོའི་ལོ་སྟོད་དུ། རྫོང་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་སྒོ་སྒོར4353ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་ལས10.6%འཕར་ཏེ། རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་ཐིག་གསུམ་དང་གྲངས་ཆུང་བཞི་ཡིས་མཐོ་བ་དང་། ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས་ཐིག་གཉིས་དང་གྲངས་ཆུང་བརྒྱད་ཀྱིས་མཐོ་བ་རེད། གཉིས་ནི་མ་དངུལ་མཐུད་སྦྲེལ་བྱས་ཏེ་ལས་གཞི་ཏན་ཏིག་གིས་སྐུལ་སྤེལ་བྱས་ཡོད། 2023ལོར་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་བཅོས་སྐྱོང་། སྤྱི་ཕན་རང་བཞིན་གྱི་ཁ་གསབ་རོགས་སྐྱོར་སོགས་བསྡོམས་པས་ལས་གཞི33ལག་བསྟར་བྱས་པ་དང་། དེའི་ཁྲོད་ཀྲུང་དབྱང་གིས་སྦྲེལ་མཐུད་བྱས་པའི་མ་དངུལ་ལས་ཐོན་ལས་འཕེལ་རྒྱས་ཕྱོགས་སུ65%བཀོད་སྒྲིག་བྱས་ཏེ། སྦྲེལ་མཐུད་བྱས་པའི་མ་དངུལ་ལས་གཞི་ཚང་མ་འཛུགས་སྐྲུན་བྱེད་མགོ་བརྩམས་ནས་100%ལ་སླེབས་ཡོད། གསུམ་ནི་ཞིང་པར་མཉམ་འབྲེལ་དང་སྐུལ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད། ཐབས་ལམ་མང་པོའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ལས་གཉེར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། “ནོར་གནག་ཁྲི”ཡི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང“གཅིག་སྒྲིལ་ནོར་གནག”གི་ཐོན་ལས་འཕེལ་རྒྱས་རྟེན་གཞི། འོ་བཟོས་ཐོན་རྫས་ལས་སྣོན་བཟོ་གྲྭ་སོགས་ཐོན་ལས་རྟེན་གཞི་བཀོལ་སྤྱོད་ལེགས་པོ་བྱེད་པ། མཉམ་འདྲེས་ལས་སྟེགས་གསར་སྐྲུན་བྱེད་པ། ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་ཁྱུ་ཚོགས་སྟོབས་ལྡན་དུ་གཏོང་བ། བཤས་རར་གཏོང་ཚད་དང་ཕྱིར་འཚོང་བྱེད་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ལས་གཉེར་ཡོང་སྒོ་ཇེ་མང་དུ་བཏང་ཡོད། བཞི་ནི་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་བྱ་བ་གནད་འཁེལ་ནུས་ལྡན་དུ་བཏང་ཡོད། སྡེ་བ་སོ་སོར་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་གྱི་གྲལ་བཤེར་དཔུང་སྡེ་གསར་དུ་བཙུགས་པ་དང་། “སྡེ་བ་རིམ་པས་རང་འགུལ་ཤེས་རྟོགས་དང་ཡུལ་ཚོ་རིམ་པས་མགྱོགས་མྱུར་སྒོས་ཐག་གཅོད་བྱེད་པ། རྫོང་རིམ་པས་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱེད་པ”བཅས་རིམ་པ་གསུམ་གྱི་མཉམ་འགུལ་དོ་དམ་མ་ལག་གྲུབ་ཅིང་། ཡང་བསྐྱར་དབུལ་པོར་འགྱུར་བ་དང་དབུལ་པོར་འགྱུར་སྲིད་པའི་ཉེན་ཁ་དུས་ཐོག་ཏུ་གྲལ་བཤེར་དང་དཔྱད་ཞིབ་བྱས་ཏེ། “ཆད་རྩིས་དང་ནོར་རྩིས”འབྱུང་བར་སྔོན་འགོག་བྱས་ཡོད། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ལ་ཁ་གཏད་དེ་ལས་ཞུགས་དང་ནད་ལྕི་མོར་འགན་སྲུང་། སྨན་བཅོས་རོགས་སྐྱོར། གནས་སྐབས་རོགས་སྐྱོར། ཆར་ཟིལ་འཆར་གཞི་སོགས་ཁྱིམ་ཚང་རེར་བྱེད་ཐབས་རེ་ཡོད་པའི་རོགས་སྐྱོར་བྱེད་སྟངས་སྤྱད་དེ། མིག་སྔར་ཡོངས་སུ་ཐག་བཅད་ཡོད། དབུལ་ཐར་མང་ཚོགས་ཀྱི2022ལོའི་དུས་ཚིགས་བཞི་པོ་དང2023ལོའི་སྔོན་མའི་དུས་ཚིགས་གཉིས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ལྷག་ཏུ་སླེབས་པ་དང་། འཕར་ཚད18%ལ་སླེབས་ཡོད། དུས་མཚུངས་སུ། ཡོང་སྒོ་ཇེ་ཉུང་དུ་སོང་བའི་ཁྱིམ་ཚང་གི་ཡོང་སྒོ་ལ་ཞིབ་རྩིས་བརྒྱབ་པ་དང་། ཇེ་ཉུང་དུ་སོང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། ཐོན་ལས་དང་ལས་ཞུགས། སློབ་གསོ་རོགས་སྐྱོར་སོགས་བྱེད་སྟངས་ལ་བརྟེན་ནས་ཡོངས་སུ་ཐག་བཅད་ཡོད། ལྔ་ནི“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་བརྟན་བརླིང་ངང་འགན་སྲུང་བྱས་ཡོད། རྫོང་ཡོངས་ཀྱི་སློབ་ལོ་རན་པའི་ལོ་ཆུང་བྱིས་པའི་སློབ་ཞུགས་ཀྱི་ཚད100%ལ་སླེབས་པ་དང་། ལོ་དགུའི་འོས་འགན་སློབ་གསོ་བརྟན་འཇགས་ཀྱི་ཚད96.46%ཏུ་སླེབས་ཤིང་། དབུལ་ཐར་ཁྱིམ་ཚང་གི་སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་བྱས་མེད་པ་དང་སློབ་མཚམས་བཞག་པའི་སྣང་ཚུལ་མེད་པར་བཟོས་ཏེ། སློབ་མཚམས་སོ་སོའི་དབུལ་ཐར་ཁྱིམ་ཚང་དང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་སློབ་མར་རོགས་སྐྱོར་བྱས་ཚད100%ལ་སླེབས་ཡོད། རྒན་གསོ་ཉེན་ཚབ་སྲིད་ཇུས་ཧུར་ཐག་གིས་དོན་འཁྱོལ་ལག་བསྟར་བྱས་ཏེ། མིག་སྔའི་བར་དུ། ང་ཚོའི་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཉེན་ཚབ་ཁྲོད་ཞུགས་ཚད100%ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྨན་བཅོས་ཀྱི་ཉེན་ཚབ་ཁྲོད་ཞུགས་ཚད99.3%ལ་སླེབས་པར་མ་ཟད། དབུལ་ཐར་ཁྱིམ་ཚང100%ལ་སླེབས་ཡོད། རོང་འབྲོག་ཁུལ་གྱི་སྡོད་ཁང་གི་བདེ་འཇགས་ཉེན་ཁ་གྲལ་བཤེར་བྱེད་མགོ་བརྩམས་པ་དང་། སྡོད་ཁང་བདེ་འཇགས་ལ་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ཟླ་རེའི་ཟླ་ཕྱེད་དུ་ལྟ་ཞིབ་ཚད་ལེན་ཐེངས་གཅིག་བྱས་ནས། སྡོད་ཁང་བདེ་འཇགས་འགན་སྲུང་གི་ཚད100%ལ་སླེབས་ཡོད། ཁྱིམ་ཚང་གི་གནས་ཚུལ་ལྟར་སྲིད་ཇུས་ལག་བསྟར་དང་རིགས་དབྱེ་མཛུབ་སྟོན་གྱི་རྩ་དོན་གཞིར་བཟུང་ནས། སྡེ་བ་སྡེ་ཚན་དུ་བྱེད་པ་དང་། འཐུང་ཆུའི་བདེ་འཇགས་ཐད་འགན་སྲུང་ལེགས་པོ་བྱེད་པའི་འཆར་གཞི་བཀོད་དེ། འཐུང་ཆུའི་བདེ་འཇགས་ཀྱི་ཁེབས་ཚད100%ལ་སླེབས་ཡོད།
གསར་འགོད་པས་རྗེས་ཕྱོགས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བསམ་ཕྱོགས་དང་འཆར་གཞི་ཅི་འདྲ་ཡིན་ཞེས་དྲིས་པར།
བསོད་ནམས་སྟོབས་ཀྱིས་བཤད་རྒྱུར། རྗེས་ཕྱོགས་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་སྒོས་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། རིམ་པ་སོ་སོའི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། མཐའ་ཚད་སྲུང་བ་དང་འཕེལ་རྒྱས་དམ་འཛིན། དར་སྤེལ་ལ་སྐུལ་འདེད་བཅས་བྱེད་པར་དམིགས་པ། ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་ཕན་ནུས་ལྡན་པའི་ངང་འཁོར་སྐྱོད་བྱེད་པ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་ངལ་སེལ་བ། སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྔར་ལས་དྲག་པའི་འགན་འཁྲི་ཁུར་ལེན། སྔར་ལས་ལེགས་པའི་བྱ་བ་སྒྲུབ་སྟངས་བཅས་ཀྱིས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ལོ་ཙཱ་བ།སྒྲོལ་མ་སྐྱིད།