སྟོབས་ཤུགས་གཅིག་སྒྲིལ་གྱིས་དགའ་བདེ་ཡི་གྲོང་གསེབ་དར་སྤེལ་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་དགོས།
2023.11.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—མགོ་ལོག་ཁུལ་དགའ་བདེ་རྫོང་ཏང་ཨུའི་ཧྲུའུ་ཅི་ལི་ཧན་ཅང་ལ་བཅར་འདྲི་བྱས་པ།

ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་པར་དཔྱད་འཇོག་བྱས་ནས་བཏོན་པའི་གནད་དོན་རྣམས་བཅོས་སྐྱོང་བྱེད་མགོ་བརྩམས་པའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་གནད་དོན་བཅོས་སྐྱོང་བྱེད་པར་བརྟེན་ནས་བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་། གནད་དོན་དག་ཐེར་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་བྱས་ཏེ། དབུལ་ཐར་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་ཡོང་བ་དང་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྐུལ་སྤེལ་ཐུབ་པ་མངོན་འགྱུར་བྱས་ནས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་བཏིང་ཡོད། གསར་འགོད་པས་དེའི་ཐད་ནས་མགོ་ལོག་ཁུལ་དགའ་བདེ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཧན་ཅང་ལ་བཅར་འདྲི་བྱས།

གསར་འགོད་པ། ཁྱེད་ཀྱིས་དངོས་ཡོད་དང་འབྲེལ་ཏེ་དཔྱད་འཇོག་ཕྱིར་ལྡོག་གནད་དོན་བཅོས་སྐྱོང་བྱས་པའི་ཆབ་སྲིད་ཀྱི“རྒྱུགས་ཤོག”འདིར་དགའ་བདེ་རྫོང་གིས་གནད་དོན་ཇི་ལྟར་ཞིབ་དཔྱད་བྱས་པ་དང་། བཅོས་སྐྱོང་ཕྱོགས་ནས་བྱ་བ་གང་དག་བསྒྲུབས་མྱོང་བའི་ཐད་ནས་ཁ་བརྡ་ཞིག་བྱེད་རོགས།

ལི་ཧན་ཅང་། དགའ་བདེ་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་སྲིད་གཉིས་ཀྱི་འགན་འཁྲི་གཅིག་ཡིན་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་པོས་དངོས་འབེབས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཏང་ཨུའི“དེབ་གཅིག་ཐོ་གཅིག་ཁས་ལེན་གཅིག”གི་བླང་བྱ་ཆད་ལུས་མེད་པར་དངོས་འབེབས་བྱས་ཏེ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ཆེད་དམིགས་དག་ཐེར་ཚན་ཆུང་དགུ་པོའི“ཚན་གཙོ་གཉིས”ཀྱི་འགན་ཁུར་ཏེ། ཏང་སྲིད་གཙོ་གཞིའི་འགན་འཁྲི་དང་རིམ་པ་སོ་སོའི་ལས་བྱེད་པའི་སྦྲེལ་གནས་འགན་འཁྲི། ལས་རིགས་སྡེ་ཁག་གི་བྱ་བའི་འགན་འཁྲི། སྡེ་སྡོད་ལས་བྱེད་པའི་རོགས་སྐྱོར་འགན་འཁྲི་དང་གནད་དོན་སྣ་ཚོགས་ཀྱི་བཅོས་སྐྱོང་འགན་འཁྲི་བཅས་རིམ་པ་བཞིན་འགན་འཁྲི་དངོས་གནོན་བྱས་ཏེ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དངོས་སུ་འཛིན་པ་དང་ལས་བགོས་འགོ་ཁྲིད་ཀྱིས་བྱེ་བྲག་ཏུ་འཛིན་པ། རྫོང་རིམ་པའི་འགོ་ཁྲིད་གཞན་དག་གིས་མཐུན་སྦྱོར་བྱས་ཏེ་འཛིན་པའི་བྱ་བའི་སྒྲུབ་སྟངས་ཤིག་ཆགས་པར་བྱས་ཡོད། “གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་དཀྱིལ་ལ་དབྱེ་ཞིབ། ཟླ་རེར་བརྡ་ཁྱབ་གཏོང་བའི”བྱ་བའི་སྒྲིག་སྲོལ་དངོས་འབེབས་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས15ནས་ཕྱིར་ལྡོག་བྱས་པའི་བྱེ་བྲག་གི་གནད་དོན35ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་དང་ངོས་ལེན་བྱེད་དུ་བཅུག་ནས། དག་ཐེར་གྱི་ཆ་སྒྲིག་ཇུས་གཞི་གཏན་འབེབས་བྱས་ནས་དཔར་འགྲེམ་བྱས་པ་དང་། “གནས་གཅིག་མཛོད་གཉིས་ཁས་ལེན་གསུམ་དང་ཞིབ་ཐོ་ལྔ”ཡི་བྱ་བའི་བྱེད་ཐབས་གཟབ་ནན་གྱིས་དངོས་འབེབས་བྱས་ནས། དག་ཐེར་བྱ་བའི་གཙོ་གནད་ཡང་དག་པར་བཙལ་ཏེ་དག་ཐེར་ཞིབ་ཐོ་ལྔ་བསྒྲིགས་ནས། ལས་གཞིར་སྐུལ་སྤེལ་བྱེད་པའི་དམག་འཐབ་དཔེ་རིས་གཏན་འབེབས་བྱས་པ་དང་། དཔྱད་འཇོག་ཕྱིར་ལྡོག་གནད་དོན་དག་ཐེར་ཆད་ལུས་མེད་པར་ལེགས་པོར་བཟུང་བ་ཡིན། མིག་སྔའི་བར་དུ། བྱེ་བྲག་གི་གནད་དོན35ལས33བཅོས་སྐྱོང་བྱས་ཟིན་པ་དང་། ཤུལ་གྱི་གནད་དོན2ད་ལྟ་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་བཞིན་པའི་སྒང་ཡིན།

གསར་འགོད་པ། བཅོས་སྐྱོང་བྱ་བ་མགོ་བརྩམས་པའི་ཚུན་ལ། གྲུབ་འབྲས་དང་ཉམས་མྱོང་གང་དག་བླངས་ཡོད་དམ།

ལི་ཧན་ཅང་། བཅོས་སྐྱོང་བྱ་བ་མགོ་བརྩམས་པའི་ཚུན་ལ། ང་ཚོས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་ལ་དམིགས་ཏེ། ཡོང་སྒོ་འཕར་སྣོན་དང་ལས་རྐང་བརྟན་པོ། ཞིབ་དཔྱད། རོགས་སྐྱོར་སོགས་ཀྱི་ཐད་ལ་ཕྱོགས་བསྡུས་ཐབས་ཇུས་བཏོན་པ་དང་། ཕྱིར་དབུལ་ཕོངས་སུ་འགྱུར་བའི་མཐའ་ཐིག་བརྟན་སྲུང་བྱས། གཅིག་ནི་ཐོན་ལས་སྒྲིག་གཞི་སྔར་ལས་ལུགས་དང་མཐུན་པ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་ས་ཁུལ་དང་། “དགའ་བདེའི་ནོར་གནག”རྒྱལ་ཁབ་ས་ཁམས་མཚོན་རྟགས། རྒྱལ་ཁབ་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱིས་རོགས་འདེགས་སྐུལ་ཁྲིད་བྱེད་པའི་རྫོང་སོགས་ཕྱོགས་ཡོངས་ཀྱི་ཐོན་ཁུངས་དང་ས་གནས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། “ཕྱོགས་བརྒྱད་གཞི་གཅིག”གི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཆགས་སྟངས་དང་སྒྲོམ་གཞི་ཐོག་མར་ཆགས་ཤིང་། ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་གསར་པ་ཐོག་མར་བཙུགས། ད་ལོའི་ཚུན་དུ། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་སྤྱིའི་ཐོན་འབོར་སྒོར་ས་ཡ་གསུམ་དང་འབུམ་བདུན་ཁྲི་བརྒྱད་ཡོད་ལ། དུས་མཉམ་དང་བསྡུར་ན4.87%འཕར། ཁེ་ཕན་མཉམ་འབྲེལ་སྒྲིག་སྲོལ་བཙུགས་པ་བརྒྱུད། ཁྱིམ་ཚང400ཡི་དབུལ་ཐར་མང་ཚོགས1300དང་ཞིབ་དཔྱད་བྱེད་སའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས། གཉིས་ནི་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་བ། དབུལ་ཐར་ངལ་རྩོལ་ནུས་པ་དང་ཞིབ་དཔྱད་ཁྱིམ་ཚང་གི་ལས་གཉེར་པ4836ལས་ཞུགས་བྱས་ཤིང་། དེའི་ཁྲོད་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་གཉེར་པ4510ལས་ཞུགས་བྱས། གསུམ་ནི་རྨང་གཞིའི་འགན་སྲུང་སྔར་ལས་བརྟན་པ། འོས་འགན་སློབ་གསོའི་སྲ་བརྟན་ཚད96.13%ལ་སླེབས་པ་དང་། འོས་འགན་སློབ་གསོའི་རོགས་དངུལ་སྣ་ཚོགས་སྒོར་ས་ཡ་དགུ་དང་འབུམ་གསུམ་ཁྲི་གསུམ་དང་སྟོང་གཉིས་བྱིན། སློབ་གྲྭ་ཆུང་འབྲིང་གི་སློབ་མ6868ཀྱིས་ཚད་གཞི་ལྟར་སློབ་གསོའི་རོགས་དངུལ་ལེན་པའི་སྲིད་ཇུས་ལོངས་སུ་སྤྱད། སྨན་བཅོས་རོགས་སྐྱོབ་ལེགས་སྒྲིག་སྲིད་ཇུས་དངོས་འབེབས་བྱས་ཏེ། “སྔོན་ལ་སྨན་ཁང་དུ་འདུག་པ་དང་རྗེས་སུ་སྨན་རིན་སྤྲོད་པ”དང་སྨན་བཅོས་འགྲོ་སོང“ས་ཚིགས་གཅིག”ནས་རྩིས་བརྒྱབ་པ་དང་། མཁར་གྲོང་སྡོད་དམངས་རྣམས་འགན་སྲུང་ལ་ཞུགས་ཚད97.7%ལ་སླེབས་ཡོད། ལོ་འདིའི་ནང་དུ་ཁྱིམ་ཚང188ཀྱི་ཁང་པ་ཉེན་ཁ་ཅན་དང་ཁང་རྙིང་བསྒྱུར་བཟོ་བྱས་ཤིང་། རང་གིས་ལས་པའི་ཁང་པ871ལ་ཉེན་ཁ་ཡོད་མེད་ཞིབ་བཤེར་བྱས་ཏེ། མངའ་ཁོངས་ཡོངས་སུ་རིམ་པCདངDཅན་གྱི་ཁང་པ་ཉེན་ཁ་ཅན་མེད་པར་བཟོས། བཞི་ནི་སྤྱི་ཚོགས་བཅོས་སྐྱོང་སྔར་ལས་ཕན་ནུས་ལྡན་པ། “རོགས་སྒྲིག་འབྲེལ་མཐུད”བྱ་བའི་རྣམ་པ་ལེགས་པར་སྤྱད་དེ། ཡུལ་ཚོའི་སྒྲིག་སྲོལ་དང་དམངས་ཆིངས། སྡེ་བའི་སྒྲིག་ཁྲིམས་དང་དམངས་ཆིངས་བཅས་བཟོས་ཏེ། རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྐྱོང་བཅས་ཟུང་འབྲེལ་གྱི་སྡེ་བ་རིམ་པའི་བཅོས་སྐྱོང་མ་ལག་གསར་པ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རིམ་བཞིན་དུ“སྒྲིག་གསུམ་མཉམ་འབྲེལ”གྱི་བྱ་བའི་སྒྲུབ་སྟངས་ཆེན་མོ་ཞིག་ཆགས་པར་བྱས་ཡོད།

གསར་འགོད་པ། ཁྱེད་ཀྱིས་རྗེས་མར་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རིགས་ལམ་དང་འཆར་གཞིའི་སྐོར་ནས་ཁ་བརྡ་ཞིག་བྱེད་རོགས།

ལི་ཧན་ཅང་། རྗེས་མར། དགའ་བདེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”དང་གྲོང་གསེབ་དར་སྤེལ་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མཁྲེགས་གཏོར་རྣམ་པ་སྲུང་འཛིན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་སྔོན་འགྲོ་རུ་བརྩིས་ནས། “མིག་སྔར་ལེགས་བཅོས”དང“ཡུན་རིང་འཛུགས་པ”གཉིས་ཟུང་འབྲེལ་བྱས་ཏེ། དག་ཐེར་གྱི“ནང་དོན་ཕྱི་མ”ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ཀྱིས་འཕར་བར་སྐུལ་སྤེལ་བྱེད་པ། ཕྱིར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ཞིབ་དཔྱད་དང་རོགས་སྐྱོར་སྒྲིག་སྲོལ་འཐུས་ཚང་དང་དངོས་འབེབས་བྱེད་པ། ཤར་ནུབ་རྒྱུད་རྒྱུན་མཐུད་ཀྱིས་མཐུན་སྦྱོར་གཏིང་ཟབ་གཏོང་བ། འཕེལ་རྒྱས་ཀྱི་ཐབས་ལམ་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་ཀྱིས། མ་འོངས་པའི་ཉེན་ཁ་སྣ་ཚོགས་དང་འབྱུང་མགོ་ཚུགས་པའི་གནད་དོན། ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་རང་འགུལ་གྱིས་སྔོན་འགོག་དང་སེལ་བར་བྱས་ཏེ། གཞི་ཁྱོན་ཅན་གྱི་ཕྱིར་དབུལ་པོར་འགྱུར་བའི་མཐའ་ཐིག་བརྟན་པོར་སྲུང་བ་དང་། ཡུན་རིང་བྱས་རྗེས་འཇོག་པའི་སེམས་ཤུགས་བརྟན་པོས་གྲོང་གསེབ་དར་སྤེལ་གྱི་བྱ་བ་སྔར་ལས་སྐས་རིམ་གསར་པར་སྤོ་བར་སྐུལ་སྤེལ་ཤུགས་ཆེན་བྱས་ནས། དག་ཐེར་གྱི་འབྲས་བུ་དངོས་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་རྒྱུ་ཡིན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།