རྨ་ཆེན་རྫོང་གིས “གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་བྱས་ནས“ལས་སྒྲུབ་ལས་གཏོད”ཀྱི་སྤྱོད་ཚུལ་དར་སྤེལ་བྱས།
2023.11.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱ་ཆེད། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། “གཞི་རིམ་དུ་སྐྱོད་པ་བཞི”དང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས“སྦྲེལ་བཞི་རྒྱུགས་གསུམ”དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་ཟུང་འབྲེལ་དམ་ཟབ་བྱས། རྟ་བོ་གྲོང་རྡལ་གྱི་བརྗོད་དོན་སློབ་གསོ་དང་གཞི་རིམ་ཏང་འཛུགས་སྐྱོང་། བདེ་འཇགས་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དམངས་འཚོ་འགན་ལེན། ཐོན་ལས་གོང་སྤེལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཏང་ཡོན་ལས་བྱེད་པས་གཞི་རིམ་དང་། མང་ཚོགས། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་བཅས་སྔར་བས་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་རྒྱུན་མི་ཆད་པར་ཆེ་རུ་བཏང་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དམིགས་ཚད་དེ་ལས་སྒྲུབ་ལས་གཏོད་ཀྱི་འབད་འཐབ་དམིགས་ཚད་དུ་བརྩི་བ་དང་། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཤན་འབྱེད་ཚད་གཞིར་བརྩིས་ནས། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཕུལ་བྱུང་བརྩོན་ལེན་དང་ཕན་འབྲས་བརྩོན་ལེན་བྱས།

“ཡུལ་དངོས་སུ་གཞུང་དོན་བསྒྲུབས”ཏེ་མང་ཚོགས་ལ་སྔར་ལས་དུས་ཐོག་ཏུ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ། རྟ་བོ་གྲོང་རྡལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནས་ཚུལ་དངོས་དང་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། གློ་བུར་བའི་གནད་དོན་གལ་ཆེན་བྱུང་བའི་ཁྱིམ་ཚང་ཁག་གཅིག་ལ་དམིགས་ཏེ། ཁྱིམ་ཚང་དུ་བསྐྱོད་ནས“ཡུལ་དངོས་སུ་གཞུང་དོན་སྒྲུབ་པའི”རོགས་སྐྱོབ་བྱེད་སྟངས་དེ་མ་དངུལ་རྐྱང་པ་ནས“ཞབས་ཞུ་དང་། སྲིད་ཇུས། མ་དངུལ། དངོས་པོ”བཅས་ཟུང་དུ་འབྲེལ་རྒྱུར་སྐུལ་འདེད་བཏང་བ་རེད། བརྗོད་དོན་སློབ་གསོ་སྤེལ་བའི་རིང་ལ། རྟ་བོ་གྲོང་རྡལ་གྱིས“དམངས་ཀྱི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་བསམ་འཆར་ལ་ཉན་པ། བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ”བཅས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། གློ་བུར་བྱུང་བའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆེད་དུ་གནས་སྐབས་རོགས་སྐྱོབ་བྱེད་པའི“དོན་རེར་གྲོས་རེའི”ཆེད་དོན་ཚོགས་འདུ་ཐེངས3ལ་འཚོགས་པ་དང་འབྲེལ་གོང་འོག་མཉམ་འགུལ་བྱས་པ་བརྒྱུད་ཉེན་ཆེའི་རྣམ་པ་ལྡན་པའི་རོགས་སྐྱོབ་བྱེད་མགོ་བཙུགས་པ་རེད། “དོན་རེར་གྲོས་རེའི”གོ་རིམ་བརྒྱུད་དེ་དུས་ཐོག་ཏུ་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས།

“ཇུས་ཤུགས་མཉམ་འདོན”གྱིས་ལས་སྒྲུབ་ལས་གཏོད་ལ་སྔར་ལས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། སྡེ་ཁུལ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་དགོས་མེད་ཀྱི་བྱ་བའི་ཁུར་པོ་ཡང་དུ་བཏང་སྟེ། དུས་ཚོད་དང་སེམས་ཤུགས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་འཇོག་དགོས། རྟ་བོ་གྲོང་རྡལ་གྱིས་སྔ་རྗེས་སུ་སྡེ་ཁུལ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་ལ་འཚོགས་པ་དང་། གྲོང་རྡལ་གྱི་ཏང་སྲིད་ཚན་ཁག་གི་ཁོངས་མི་དང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བཅས་ཀྱིས་ཁུར་པོ་ཡང་དུ་གཏོང་བའི་བྱ་བའི་ཁྲོད་ལྷག་པའི་གནད་དོན་དང་དེ་བཞིན་བསམ་འཆར་དང་གྲོས་མགོར་དམིགས་ནས་གྲོས་བསྡུར་སྤེལ་རེས་བྱས་པ་རེད།

“འཐབ་ཕྱོགས་དང་པོར”བསྐྱོད་དེ་དམངས་ཀྱི་གནས་ཚུལ་འདྲི་བ་དང་དམངས་ཀྱི་བསམ་འདུན་སྔར་ལས་རྟོགས་པ། “དམངས་ཀྱི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་བསམ་འཆར་ལ་ཉན་པ། བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ”བཅས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ཉིས་བརྒྱ་དང་ཞེ་དྲུག་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་རེ་ཞུ་སྣ་ཚོགས་ཐག་གཅོད་བྱས་ཏེ་དམངས་ཚིས་ལ་ཕན་པ་དང་། དམངས་ཀྱི་སེམས་ལ་དྲོད་སྐྱིད་སྟེར་བ། དམངས་ཀྱི་འདོད་བློར་བསྟུན་པ་བཅས་ཀྱི་བྱ་བ་མང་ཚོགས་ཀྱི་སེམས་སུ་འབབ་པར་བྱས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།