— དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ཆ་ཆུ་ནག་སྡེ་བའི་མཐོང་ཐོས།
“ཨ་ཅེ། ལམ་འདི་ཁྱེད་ཀྱིས་ཉིན་གཅིག་ལ་ཐེངས་དུ་ལ་ཕྱགས་ཀྱིན་ཡོད།”
སྐད་ཆ་དེ་ཐོས་རྗེས། འཚེར་སྣང་ཆེ་བའི་སྡེ་མི་ལྷ་མཚོ་རྒྱལ་གྱིས་མཛུབ་གུ་གསུམ་ཡར་བསྒྲེངས་བྱུང་། ལྷ་མཚོ་རྒྱལ་གྱིས་སྡེ་བའི་ལམ་འདི་གཙང་ཕྱག་བྱེད་པའི་འགན་ཁུར་ཡོད་པས། འདམ་རྫབ་ཀྱིས་བརྫུས་པའི་ས་ལམ་ནས་ད་ལྟའི་ཨར་འདམ་གྱི་ལམ་ནང་དུ་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་ཅིང་བཟོ་བཀོད་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་འཕོ་འགྱུར་ཡོངས་རྫོགས་མིག་གིས་མཐོང་བས། ཆ་ཆུ་ནག་སྡེ་བས“དབུལ་ཞྭ”རྒྱལ་ཁའི་ངང་ཕུད་དེ། གྲོང་གསེབ་དར་སྤེལ་གྱི་ལམ་དུ་གླུ་སྐད་སིང་སིང་སྒྲོག་བཞིན་མདུན་སྐྱོད་བྱས་པའི་དངོས་བརྒྱུད་པ་དང་བདེན་དཔང་མཁན་ཞིག་ཡིན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ཆ་ཆུ་ནག་སྡེ་བ་རུ་སླེབས་པ་ན། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་རེ་རེ་མིག་ལམ་དུ་མངོན་པ་དང་། ཨར་འདམ་གཞུང་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་བསྲིངས་ཡོད་ལ། ཉི་འོད་ནུས་པའི་གློག་སྒྲོན་ལམ་འགྲམ་གཉིས་ཀར་གྱེན་དུ་བསླངས་འདུག་པས། ཐོན་ལས་དར་ཞིང་ཁོར་ཡུག་མཛེས་ལ། འཚོ་བར་བདེ་སྐྱིད་ལྡན་པའི་གྲོང་གསེབ་གསར་པའི་རྣམ་པ་ཞིག་མངོན་འདུག
“ལོ་ངོ་དྲུག་གི་སྔོན་ལ་ཐེངས་གཅིག་ཡོང་མྱོང་བ་དང་དེ་ནས་ད་རག་བར་དུ་ཡོང་མ་མྱོང་ལ། ན་ནིང་གནས་འདི་བརྒྱུད་དེ་འགྲོ་སྐབས་སྐོར་བ་ཐེངས་ཤིག་བྱས་པ་ན་ཡོངས་སུ་འགྱུར་འདུག”ཅེས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ནས་ཡོང་བའི་སིལ་ཏིག་འཚོང་མཁན་ལིའུ་ཝེ་ཡིས་རླངས་འཁོར་ལམ་འགྲམ་དུ་བཞག་སྟེ་སིལ་ཏོག་སྣ་ཚོགས་འཚོང་ཞོར་དེ་ལྟར་བཤད། ཁོའི་དྲན་ངོགས་སུ་སྔོན་ཆད་ཀྱི་ཆ་ཆུ་ནག་སྡེ་བ་ནི་འབྲོག་པ་ཚོ་རི་འདབས་སུ་གནས་གཅིག་ཏུ་འདུས་ཏེ་ས་ཁང་འགའ་རེ་ལས་ནས་འཚོ་བ་རོལ་ཐབས་བྱེད་ཀྱིན་པ་ཞིག་ཡིན་ལ། ཆ་རྐྱེན་ཧ་ཅང་ཞན། “སིལ་ཏོག་འཚོང་བ་ལ་དུས་ཚིགས་དང་བསྟུན་དགོས་པ་དང་། ས་ཆ་གང་གི་ཆ་རྐྱེན་བཟང་བ་དང་གང་དུ་མི་མང་ན་དེར་སོང་ནས་ཚོང་རྒྱག་དགོས་པས། སྡེ་བ་འདི་ད་དུང་སྔོན་ཆད་ལྟ་བུ་ཞིག་ཡིན་རྒྱུ་ན་གནས་འདིར་མི་ཡོང་ཁོ་ཐག་ཡིན”ཟེར།
རྒྱུན་དུ་ལིའུ་ཝེ་ཡི་ལག་ནས་སིལ་ཏོག་ཉོ་བཞིན་པའི་སྐལ་བྷོ་ཚང་ནི་སྡེ་ལམ་གྱི་འགྲམ་དུ་ཡོད་ལ། སྒོ་ཆེན་དམར་པོ་དེས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་དེར་བརྗིད་ཉམས་ཤིག་དོད་འདུག ལམ་འགྲམ་དང་ར་སྐོར་ཚང་མ་བསྐྱར་ལས་བྱས་པའམ་ཡང་ན་གསར་དུ་བསྐྲུན་ཡོད་པ་དང་། ཆུ་རྐ་དང་ཆུ་སྦུག དེ་ལས་གཞན་ད་དུང་ཉི་འོད་ནུས་པའི་ལམ་སྒྲོན་སོགས་སྒྲིག་བཀོད་སྣ་ཚོགས་སྡེབ་སྒྲིག་བྱས་ཡོད་པས། སྡེ་བ་ཧྲིལ་པོར་ཁེབས་པའི་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་གིས། སྡེ་མི་ཚོའི་འཚོ་བ་དང་བདེ་འཇགས་དུས་ཚོད24ཡི་རིང་ལ་འགན་སྲུང་བྱས་ཡོད།
མི་རྣམས་ཀྱིས་དུས་རྒྱུན“ནང་བསམ་བློ་ཡག་ན་ད་གཟོད་ཡག་པོ་ཡིན”ཟེར། སྐལ་བྷོ་ལ“འཚོ་བ་སྐྱིད་པོ་རོལ་འདོད་ན། ཏང་གི་རྗེས་སུ་འབྲང་དགོས་པར་མ་ཟད་ད་དུང་རང་ཉིད་ཀྱང་ལས་ལ་བརྩོན་མཁན་ཞིག་ཡིན་དགོས་པའི”འདུ་ཤེས་སྐྱེས་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་ལ་སྒུག་པ་ནས་རང་འགུལ་གྱིས་ཕྱུག་འགྱུར་ལ་བརྩོན་པའི་བར། སྐལ་བྷོ་ལའང་སྒོ་མདུན་གྱི་གཞུང་ལམ་དང་འདྲ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད།
ལས་ཞུགས་གསོ་སྦྱོང་དང་མ་དངུལ་གྱི་རོགས་འདེགས་ལ་བརྟེན་ནས། སྐལ་བྷོས་བོད་ཟས་ཁང་ཞིག་གཉེར་ལ། ལོ་ངོ་བཞི་ཡི་རིང་ལ་བོད་ཟས་ཁང་གི་ཡོང་སྒོས་ཁྱིམ་གྱི་ཡོང་སྒོའི་ཕྱེད་ཀ་ཟིན། དེས་མི་ཚད2022ལོར་སྐལ་བྷོས་བོད་ཟས་ཁང་དེ་མི་གཞན་ལ་བཅོལ་གཉེར་བྱེད་དུ་བཅུག་རྗེས། རང་ཉིད་སྡེ་བའི་ཐུན་མོང་ཐོན་ལས་ཡིན་པའི་རྡོ་བརྐོས་བཟོ་གྲྭར་སོང་སྟེ་རྡོ་བཟོ་ཞིག་ཏུ་གྱུར། ‘སྐྱིད་པའི་འཚོ་བ་ནི་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བསྐྲུན་དགོས’ཞེས་པའི་སྐད་ཆ་དེའི་ནང་དོན་ད་ལྟ་དངོས་གནས་རྟོགས་སོང”ཞེས་བཤད།
དབུལ་ཐར་མཁྲེགས་གཏོར་བྱས་མཐར་གཞི་ནས་གོ་རྟོགས་སད་པ་ནི་སྐལ་བྷོ་གཅིག་པུ་མ་ཡིན་ཏེ། ལོ་ལྔའི་སྔོན་ལ། ཆ་ཆུ་ནག་སྡེ་བར་ལས་ཀ་ལས་མཁན་དང་ཚོང་རྒྱག་མཁན་མི8ལས་མེད་མོད། ད་སྔའི་བར་དུ། གྲངས་ཀ་འདི་མི300ལྷག་ལ་འཕར་ཡོད་པས། སྡེ་བ་ཧྲིལ་པོའི་ན་གཞོན་གྱི90%ཟིན་ཡོད། ཐུན་མོང་ཐོན་ལས་ལ་ཡང་ཁྱད་ལྡན་རིག་གནས་ཐོན་ལས་ལས་སྣོན་དང་དབུལ་སྐྱོར་སྣུམ་སྣོན་ས་ཚིགས། རྒྱ་ཁོག་ཟ་ཁང་། མུའུ་སྟོང་ཅན་གྱི་གཟན་རྩྭའི་རྟེན་གཞི་སོགས་གཙོར་བྱས་པའི་ཐོན་ལས་སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད། དེ་འདྲའི་འགྱུར་ལྡོག་ཆེན་པོའི་རྒྱབ་རོལ་དུ། སྲོལ་རྒྱུན་སྡེ་བ་འདིའི་གཞིས་སྡོད་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་བར་མ་ཟད། ད་དུང་གྲོང་གསེབ་དར་སྤེལ་གྱི་ལམ་བར་དུ་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་ཁྲིད་འོག འབྲོག་པ་མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་འདེད་ཐོབ་པ་མཚོན་ཡོད། སྡེ་སྡོད་ཧྲུའུ་ཅི་དང་པོ་ཞུང་ཅུན་གྱིས་བཤད་པ་ནང་བཞིན“གྲོང་གསེབ་དར་སྤེལ་གཏོང་དགོས་ན་ངེས་པར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་དགོས་ཏེ། དར་སྤེལ་གྱི་ལམ་དུ་སྡེ་དམངས་ཀྱི་ཁྱིམ་གཞིས་ཡག་པོར་གཏོང་དགོས་པར་མ་ཟད། སྡེ་བའི་ནང་གི་ཐོན་ལས་ཀྱང་དར་སྤེལ་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་ཆ་ཆུ་ནག་སྡེ་བའི་སྡེ་དམངས་བརྟན་འཇགས་ངང་ཕྱུག་པོར་འགྱུར་ཐུབ་ལ། གྲོང་གསེབ་ཀྱང་དངོས་གནས་དར་སྤེལ་གཏོང་ཐུབ”ཅེས་བཤད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།