རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་དགོས།
2023.11.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

 མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ལ་བཅར་འདྲི་བྱས་པ།

  དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།

གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞེས་ནན་གྱིས་བསྟན་ཡོད།  མཚོ་སྔོན་གྱིས་བླང་བྱ་གལ་ཆེན་འདི་ཇི་ལྟར་དོན་འཁྱོལ་བྱས་པ་དང་། དངོས་སུ་སྐུལ་འདེད་གཏོང་བའི་ཁྲོད་བྱེད་ཐབས་གཙོ་བོ་གང་དག་སྤྱད་པ་དང་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་གང་དག་བསགས་ཡོད་ཅེས་དྲིས་པར།

ཁྲིན་ཀང་གིས་བཤད་རྒྱུར།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གཉིས་མཛད་པ་དང་།   རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ཞུགས་ཏེ། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ།  ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད”ཅེས་པའི་ཞིང་ཆེན་གྱི་ངེས་གནས་གསལ་བོར་བྱས་པ་དང་།  མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་སྔར་ལས་གལ་ཆེན་ཡིན་པའི་འཐབ་ཇུས་ཀྱི་གོ་གནས་གསལ་བོར་བྱས་ཤིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ་ནན་གྱིས་བསྟན་ཏེ།  ང་ཚོར་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།   “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས་པའི་བླང་བྱ་བཏོན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཁ་ཕྱོགས་གསལ་སྟོན་གནང་བས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གོ་བ་ཟབ་མོ་ལེན་པ་དང་། བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། སེམས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ལག་བསྟར་དང་།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་དངོས་ཀྱི་མཐོ་ས་གསར་པ་སྐྲུན་པ་སྤྱིའི་བཀོད་འདོམས་སུ་བྱས་ནས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་། ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་གསར་སྐྲུན། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བཅས“མཐོ་ས་གསར་པ་བདུན”ཧུར་ཐག་གིས་བསྐྲུན་ནས།   སྔར་ལས་སྟོབས་ཤུགས་ལྡན་པ་དང་སྔར་ལས་ཆུ་ཚད་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།  བྱ་བའི་ཁྲོད་གཙོ་བོ་ཕྱོགས་བཞིའི་དོན་ཆེན་དམ་འཛིན་བྱས་ཡོད་དེ། གཅིག་ནི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཡག་པོ་བྱས་པ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཆེས་ལེགས་པའི་མ་དཔེ་ཞིག་ཏུ་བསྐྲུན་ནས།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་རེ་ཞུའི་བྱ་བར་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་བའི་སྒོ་ནས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱིས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པའི་ཐད་མདུན་གྲལ་དུ་བསྐྱོད་ཡོད། གཉིས་ནི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་བ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་།  “ཀྲུང་ཧྭའི་ཆུ་མཛོད”དང་སའི་གོ་ལའི་སྣེ་གསུམ་པའི་སྲུང་སྐྱོབ་བྱ་འགུལ་ལག་བསྟར་བྱས་ཤིང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་བཟོ་འགོད་གལ་ཆེན་ལ་སྐུལ་འདེད་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་མདོག་ཅན་དུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས།   “སྲུང་ཡོལ་གཉིས་དང་ས་ཁུལ་གསུམ”གྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་ཆགས་པར་བྱས་ཡོད། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ནགས་ཚལ་ཁྱབ་ཚད7.5%ཟིན་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད 57.9%ཟིན་པ། མཚོ་སྔོན་པོའི་གསེར་ཉ་དེ་ཐོག་མའི་སྲུང་སྐྱོབ་བྱེད་དུས་ཀྱི་ཏུན2600ནས་ཏུན་འབུམ་གཅིག་དང་ཁྲི་གཅིག་ལྷག་ཏུ་སླར་གསོ་བྱུང་བ། གཙོད་ཆེས་ཉུང་བའི་དུས་ཀྱི་ཁྲི2ཙམ་ནས་ཁྲི7ལྷག་ཙམ་ལ་སླར་གསོ་བྱུང་ཡོད། གསུམ་ནི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་པ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་བ་བཅས་ཀྱི་སྲུང་སྐྱོབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་བཅོས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་བ།“གད་སྙིགས་མེད་པའི་གྲོང་ཁྱེར”བསྐྲུན་པ་གཏིང་ཟབ་ཏུ་གཏོང་བ།  ཚད་གཞི་མཐོ་བའི“དྭངས་གཙང་མཚོ་སྔོན”གསར་སྐྲུན་བཅས་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་ཟིན་པ་དང་། གཙང་བོ་ཆེན་པོ་གསུམ་ཞིང་ཆེན་བརྒལ་བའི་མཚམས་ཀྱི་ཆུ་སྤུས་ལེགས་ཚད་དེ་རིགས་གཉིས་ཡན་རྒྱུན་འཁྱོངས་བྱས་ཡོད་ལ། ས་ངོས་ཀྱི་ཆུ་སྤུས་ལེགས་ཚད་དེ་རྒྱལ་ཁབ་རིམ་པའི་ཞིབ་བཤེར་ཚད་ལེན་གྱི་བསྡུར་ཚད་ཁྲོད་བསྟུད་མར་ལོ་གཉིས་ལ100%རུ་སླེབས་ཤིང་། ལོ་རེར་ཆ་སྙོམས་ཀྱིས་ཆུ་བོ་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ཞིང་ཆེན་ལས་བརྒལ་བ་དང་། སྔོ་ལྗང་བར་སྟོང་གིས70%ལྷག་ཙམ་ཟིན་ཡོད།  བཞི་ནི་གོ་རིམ་ལྡན་པའི་སྒོ་ནས“ཐཱན་གཉིས”འགུལ་སྐྱོད་ལག་བསྟར་བྱས་པ།  ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱས་ཏེ།“སྐྱེ་ཁམས་དང་ཞིང་ལས་ཟུང་དུ་འབྲེལ་བ”དང“སྐྱེ་ཁམས་དང་བཟོ་ལས་ཟུང་དུ་འབྲེལ་བ”། “སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བ”སོགས་སྐྱེ་ཁམས་ནུས་སྤྲོད་ཅན་དང་། སྐྱེ་ཁམས་ཤུགས་རྐྱེན་ཅན། སྐྱེ་ཁམས་བེད་སྤྱོད་ཅན་བཅས་ཀྱི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ཞིང་། གློག་ཤུགས་མ་ལག་གསར་པ་དང་ཐཱན་མེད་ཐོན་ལས་གླིང་གི་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱས་པ་དང་། འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཧུར་ཐག་གིས་ལྗང་མདོག་ཐཱན་ཉུང་གི་སྤྱི་ཚོགས་བྱེད་སྒོ་དཔེ་སྟོན་གསར་འཛུགས་ལས་དོན་སྤེལ་བས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་ཕྱིན་ཡོད།

ཁྲིན་ཀང་གིས་བཤད་རྒྱུར། ཁྱོད་ཀྱིས་གོང་དུ་མཚོ་སྔོན་གྱིས་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་གང་དག་བསགས་ཡོད་པ་འདྲི་བཞིན་འདུག  དེས་ན་ཞོལ་ནས་ངས་ཕྱོགས་ལྔ་ནས་ང་ཚོའི་མྱོང་ཚོར་རགས་ཙམ་ངོ་སྤྲོད་ཅིག་བྱེད།  གཅིག་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་ཡིན།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། ཏང་ཡོན་ལས་བྱེད་པས་དགོངས་པར་སློབ་སྦྱོང་བྱེད་པའི་ཁྲོད་སྐྱེ་ཁམས་འདུ་ཤེས་བརྟན་པོར་འཛུགས་པ་དང་། དགོངས་པ་རྟོགས་པའི་ཁྲོད་ཐབས་ལམ་འཚོལ་བ། བྱེ་བྲག་གི་ལག་ལེན་ཁྲོད་དགོངས་པར་ཞིབ་བསྡུར་བྱས་ནས་གནད་དོན་ལ་བསམ་གཞིག་དང་ལག་ལེན་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་བརླིང་ཡོང་བར་འགན་ལེན་བྱས་ཡོད། ང་ཚོར་མྱོང་ཚོར་ཟབ་མོ་ཞིག་བྱུང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ཅི་ཙམ་གཏིང་ཟབ་པ་དང་གོ་བ་ཅི་ཙམ་དཔྱིས་ཕྱིན་པ་ལོན་ན།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མིག་རྒྱང་དེ་ཙམ་རིང་བ་དང་ཁོང་དུ་ཆུད་པའང་དེ་ཙམ་གྱིས་གནད་ལ་འཁེལ་བ་རེད། གཉིས་ནི་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི་ཏན་ཏིག་གིས་ཁུར་ཏེ།   ཁྱོན་ཡོངས་ལ་ཁྱབ་པ་དང་། དབང་ཆ་དང་འགན་འཁྲི་གཅིག་མཚུངས། བྱ་དགའ་དང་ཆད་པ་གསལ་འབྱེད། གཅིག་ལ་གཅིག་བརྟེན་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱས་པ་དང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་ཚེ་འགན་འཁྲི་ཚེ་གང་བོར་བདའ་འདེད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློའི་ཐད་གཅིག་གྱུར་དང་། ཆབ་སྲིད་ཐད་མཐུན་སྒྲིལ། བྱ་སྤྱོད་ཐད་གཅིག་མཐུན་བཅས་མངོན་འགྱུར་ཡོང་བར་བྱས་ནས། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ཡོད། གསུམ་ནི་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ཅན་གྱི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཡོད། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་དམིགས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱག་རོམ་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་ཆ་ཚང་དང་སྦྲེལ་མཐུད་ཆ་ཚང་ལ་མཐོང་ཆེན་བྱས་ནས། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་སླར་གསོའི་བཟོ་འགོད་ལག་བསྟར་བྱས་ཏེ། འཆར་འགོད་མཐུན་སྦྱོར་དང་། མ་དངུལ་མཐུན་སྦྱོར། ལས་གཞི་མཐུན་སྦྱོར་བཅས་ཀྱི་ཐད་མ་ལག་རང་བཞིན་འབུར་དུ་ཐོན་པར་བྱས་པས།  གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ཅན་གྱི་བཅོས་སྐྱོང་ལ་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད།  བཞི་ནི་རྒྱལ་ཁབ་སྤྱི་གླིང་གཅིག་གྱུར་ཚད་ལྡན་གྱི་དོ་དམ་སྒྲིག་སྲོལ་འཛུགས་པ་རྒྱུན་འཁྱོངས་བྱས་ཡོད། བཅོས་བསྒྱུར་ཟབ་སྤེལ་དང་རྙིང་དོར་གསར་འཛུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགན་དབང་གི་དབྱེ་མཚམས་གསལ་པོ་དང་། བདག་དབང་དང་ལྟ་སྐུལ་དོ་དམ་དབང་ཆ་སོ་སོར་འབྱེད་པ། ས་གནས་སྲིད་གཞུང་དང་དོ་དམ་སྡེ་ཁག་མཉམ་དུ་སྐྱོད་པ་དང་དགེ་མཚན་ལྡན་པའི་སྒོ་ནས་ཕན་ཚུན་སྤེལ་རེས་བྱེད་པ། ནུས་ལྡན་ངང་མཉམ་འདྲེས་བྱེད་པ་བཅས་ཀྱི་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་གཞི་དང་འཁོར་སྐྱོད་རྐྱེན་སྲོལ་གསར་པ་བཙུགས་ཤིང་། རྒྱལ་ཡོངས་སུ་ཐོག་མར་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་བཙུགས་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཇེ་ལེགས་སུ་བཏང་ཐོག  རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་གཞི་རྩའི་ཆ་ནས་བསྐྲུན་ཡོད།  ལྔ་ནི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཛུགས་པ་རྒྱུན་འཁྱོངས་བྱས་ཡོད། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གྱི་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་གཏོད་པའི“ཀ་བཞི་གདུང་བརྒྱད”ལ་བརྟེན་ནས།  སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་སྣ་ཚོགས་དེ་སྲིད་ཇུས་ཀྱི་ཁ་ཕྱོགས་འཛིན་པའི་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཕན་ཚུན་སྐུལ་འདེད། བཅོས་བསྒྱུར་གྱི་ཕན་འབྲས་ཐད་ཕན་ཚུན་སྤེལ་རེས་བཅས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་སྐྲུན་པར“མཚོ་སྔོན་གྱི་དཔེ་གཞི”བཏོད་ཡོད་ཟེར།

གསར་འགོད་པས་ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། རྟེན་གཞི་དང་མཐོ་ས། དམིགས་འབེན་ས་ཁུལ། ཕྱིར་གཏོང་ས་ཁུལ་བཅས་བསྐྲུན་པའི་ཕྱོགས་ནས་འཚོལ་ཞིབ་གང་དག་བྱས་པ་དང་དོན་དངོས་ཀྱི་གྲུབ་འབྲས་གང་དག་བླངས་ཡོད་ཅེས་དྲིས་པར།

ཁྲིན་ཀང་གིས་བཤད་རྒྱུར།  ཐོན་ལས་ཀྱི“གནས་བཞི”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཤིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གཞི་ཚུགས་པ། གནད་ལ་འཁེལ་བའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་འཐབ་ཇུས་གོ་གནས་ལ་ངོས་འཛིན་གསལ་པོ་བྱེད་པ། མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་ལྟོས་བཅོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ང་ཚོར་གསལ་སྟོན་གནང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་ཡིན།

ང་ཚོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་ཧུར་ཐག་གིས་བསྐྲུན་ཏེ། དེང་རབས་ཅན་གྱི་ཚྭ་མཚོའི་ཐོན་ལས་མ་ལག་མགྱོགས་མྱུར་ངང་གྲུབ་པར་བྱས་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་ལས་ཆོད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བས། 2022ལོར་མཚོ་སྔོན་ཚྭ་མཚོའི་ཅཱ་ལུད་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་དགོས་མཁོའི་ཕྱེད་ཀའི་ཡན་ཟིན་ཞིང་། རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཁག་ཐེག་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་བཏོན་ཡོད། “ལྟེ་གཅིག་སྐོར་གཅིག་རྒྱུད་མང”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་ཆགས་པར་བྱས་པ་དང་། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཞིང་།  རབ་མཛེས་མཚོ་སྔོན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆེ་བའི་ཡུལ་སྐོར་ས་ཆར་འགྱུར་བར་བྱས་པ་དང་། རི་མཐོ་ས་གཙང་དང་སའི་གོ་ལའི་སྣེ་གསུམ་པའི་སྤུས་རྟགས་སྣང་བརྙན་སྔར་ལས་མངོན་གསལ་དུ་བཏང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བསྐྲུན་པ་ཇེ་བཟང་ནས་ཇེ་ཆེར་བཏང་སྟེ།  སྤུས་ཚད་མཐོར་འདེགས་དང་གྲངས་ཀ་འཕར་སྣོན།  སྦྲེལ་ཐག་ཁ་གསབ།  ཕྱིར་གཏོང་རྒྱ་བསྐྱེད་བཅས་དུས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་དང་སྐྱེ་ལྡན་འཕང་འབྲས། འཁྱག་ཉ་ཐོན་སྐྱེད་ཀྱི་རྟེན་གཞི་བསྐྲུན་པ་དང་། ལྗང་མདོག་སྐྱེ་ལྡན་དེ“མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་གསེར་གྱི་མིང་བྱང་དུ་གྱུར་ཡོད།

ཁྲིན་ཀང་གིས་བཤད་རྒྱུར། འདི་རུ་ངས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པའི་གནས་ཚུལ་དམིགས་སུ་བཟུང་ནས་ངོ་སྤྲོད་ཅིག་བྱེད།  ཉེ་བའི་ལོ་འདི་དག་གི་རིང་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གིས་མིའི་རིགས་ཀྱི་འཚོ་སྡོད་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད། ཡིན་ན་ཡང་གནས་ཚུལ་མི་ལེགས་པ་ཞིག་ཡོད་པ་ནི། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་དང་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་བགྲོད་ལམ་ནི་དེ་འདྲའི་ལེགས་པོ་ཞིག་མིན་པ་རེད།  རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་མངོན་གསལ་བཞག་སྟེ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་མཁན་ནས་སྣེ་འདྲེན་པར་གྱུར་པའི་འགྱུར་ལྡོག་གལ་ཆེན་མངོན་འགྱུར་བྱུང་ཡོད།

མཚོ་སྔོན་ནི་འགྱུར་ལྡོག་གལ་ཆེན་འདིའི་གསོན་ཉམས་ལྡན་པའི་ལག་ལེན་ས་ཁུལ་ཞིག་ཡིན། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས“རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པ”དང“བླང་བྱ་ནི་ཐཱན་རྩེར་སོན་མངོན་འགྱུར་བྱེད་པའི་ཕྱོགས་ནས་མཚོ་སྔོན་ནི་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་མཁན་ཡིན་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་གནང་ཡོད། ང་ཚོས་ཕྱོགས་གཅིག་ནས་རྟེན་གཞིའི་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་གློག་དྲའི་མི་འདང་ས་ཁ་གསབ་བྱེད་པ། ཉར་འཇོག་ཚོད་འཛིན་གྱི་འགག་སྒོ་གཏོར་བ། གློག་ནུས་ཀྱིས་རྡོ་སྣུམ་གྱི་ཚབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གློག་འདོན་ནུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ།  ནུས་ཁུངས་གཙང་མ་དེ་ཕྱོགས་བསྡུས་ནུས་ཁུངས་ཀྱི་མ་ལག་དང་གཞི་གཅིག་ཏུ་སྐུལ་སྤེལ་བྱས་ནས་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་ཐཱན་ཇེ་དམའ་དང་སྦགས་བཙོག་ཉུང་འཕྲི། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་དམིགས་སུ་འཛིན་པ་དང་གྲོན་ཆུང་ལེགས་བསྡུས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཞིང་།  “གཟའ་འཁོར་ལྔའི་ལྗང་མདོག་གློག”གིས་རྒྱུན་ཆད་མེད་པར་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན་ཡོད། མཚོ་སྔོན་ནས་ཧི་ནན་བར་གྱི་མཐོ་གནོན་རྒྱུ་ལམ་འཁོར་སྐྱོད་བྱས་པ་ནས་བཟུང་རིམ་རྩིས་བྱས་ན་ནུས་ཁུངས་གཙང་མ་སྟོང་ཝ་ཐེར་ཆེན་གཉིས་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་བསྐྱལ་ཏེ། དབུས་ཤར་ས་ཁུལ་ལ་དབྱང་གཉིས་ཐཱན་རྫས་ཏུན་བྱེ་བ་གཉིས་དང་ས་ཡ་དྲུག་ལྷག་ཉུང་འཕྲི་བྱས་ཡོད།  སྔོན་མའི་དུས་ཚིགས་གསུམ་གྱི་ནང་།  ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྤྱིའི་བསྡུས་ཚད་སྟོང་ཝ་བྱེ་བ་བཞི་དང་ས་ཡ་བརྒྱད་ལྷག་ལ་སླེབས་ཏེ།  ནུས་ཁུངས་གཙང་མའི་བསྡུས་ཚད་ཀྱི92%ཟིན་པར་མ་ཟད།  རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།    2022ལོའི་ལོ་མཇུག་བར་དུ། ཆུ་མིན་སླར་སྐྱེས་ནུས་ཁུངས་གློག་ཤུགས་ཀྱི་འདོན་ཚད33.2%ལ་སླེབས་ཏེ། རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པ་དེས། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ཁག་ཐེག་དང་ནུས་ཁུངས་གྲུབ་ཚུལ་རིགས་སྒྱུར་ལ་སྐུལ་འདེད། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་། སྦགས་བཙོག་ཉུང་འཕྲི་བཅས་ཇེ་མགྱོགས་སུ་གཏོང་བར་མཚོ་སྔོན་གྱི་ཇུས་གཞི་མཁོ་འདོན་བྱས་པར་མ་ཟད་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད།

མ་འོངས་པར། ང་ཚོས་མཚོ་སྔོན་གྱི་བྱས་རྗེས་སྔར་ལས་མང་བ་མཐོང་བར་རེ་སྒུག་བྱས་ཡོད། ང་ཚོར་སྦས་ཤུགས་དང་ཁྱད་སྟོབས་གང་མང་ཡོད་དེ། མཚོ་སྔོན་གྱི་འོད་ནུས་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ཨང་གཉིས་པ་དང་ཆུ་གློག་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ཨང་ལྔ་པ་ཟིན་ཡོད་པར་མ་ཟད།   ང་ཚོར་ད་དུང་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ལྷག་བརྒལ་བའི་བྱེ་ཐང་དང་ས་རྒོད། གྲམ་ཐང་བཅས་གསར་སྤེལ་བྱེད་རྒྱུ་ཡོད་ལ། ད་ཡོད་ཀྱི་ནུས་ཁུངས་གཙང་མས་ཟིན་པའི་ས་ཆ་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་ཀྱང་མེད་པར། སྤྱོད་ཆོག་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་བརྒྱ་ཆའི་གཅིག་ཟིན་ཙམ་ཡིན་པས། འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ལྡན་ཞིང་།  ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་འཕྲིའི་ཐད་ནས། ང་ཚོའི་སྔོ་ཁེབས་ཐཱན་མཛོད་བསྡུར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། བརླན་སའི་སྐྱེ་ཁམས་མ་ལག་གི་ཐཱན་རྫས་སྤྱི་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།  སྔར་ཡོད་ཀྱི་ཐཱན་འདུས་རྨང་གཞི་དང་སྔོན་དཔག་ཐུབ་པའི་ཐཱན་འདུས་གསར་སྣོན་གྱི་མི་མངོན་པའི་བར་སྟོང་རྒྱ་ཆེན་པོ་ལྡན་ཡོད།  ནུས་ཁུངས་འདོན་སྤྲོད་ཀྱི་ཐད་ནས། རྒྱལ་ཡོངས་གློག་ཤུགས་མཁོ་སྤྲོད་ཀྱི་སྒྲིག་གཞི་རང་བཞིན་གྱི་མི་འདང་བའི་གནད་དོན་ལ་དམིགས་ནས། ང་ཚོའི་འཆར་གཞི་ལྟར་ན2025ལོའི་བར། ནུས་ཁུངས་གཙང་མ་བསྡུ་ཚད་སྟོང་ཝ་བྱེ་བ་བརྒྱད་ས་ཡ་དྲུག་ཡན་ལ་བསླེབ་ཏུ་འཇུག་རྒྱུ་ཡིན་ཞིང་།  མིག་སྔར། མཐོ་གནོན་ཕྱིར་སྐྱེལ་རྒྱུ་ལམ་གསར་པ་འཆར་འགོད་བྱེད་བཞིན་ཡོད་ལ། རྒྱལ་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་དང་གྲུབ་ཚུལ་རང་བཞིན་གྱི་གློག་དཀོན་པའི་གནས་ཚུལ་སེལ་ཐུབ་པར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

གསར་འགོད་པས་ད་ལོའི་ཚུན་ལ་ཕྱིའི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་རིམས་ནད་ཀྱི་ཤུགས་རྐྱེན་ཡོངས་སུ་ཞི་འཇགས་སུ་སོང་མེད་པ། ཁྲོམ་རའི་སྔོན་དཔག་སྔར་བཞིན་གཟབ་ནན་ཡིན་པའི་གནས་ཚུལ་འོག་ཏུ།  སྔོན་མའི་དུས་ཚིགས་གསུམ་ལ་མཚོ་སྔོན་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་ཐོག་ཡར་འཕེལ་གྱི་ཁྲོད་ནས་ཁྱོན་ཡོངས་སླར་གསོའི་རྣམ་པ་བཟང་པོ་མངོན་ཡོད། འདིའི་སྐོར་གྱི་གནས་ཚུལ་ཅི་འདྲ་ཡིན་པ་དང་མ་འོངས་པར་རྣམ་པ་བཟང་པོ་འདི་ཇི་ལྟར་རྒྱུན་བསྲིང་བྱེད་རྒྱུ་ཡིན་ཞེས་དྲིས་པར།

ཁྲིན་ཀང་གིས་བཤད་རྒྱུར།  མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་ཧ་ཅང་ལྕི།  ད་ལོའི་ཚུན་ལ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ། བརྟན་བརླིང་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  རང་འགུལ་ངང་ཞབས་ཞུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་བཅས་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ངང་སླར་གསོ་ཡོང་བར་འབད་བརྩོན་བྱས་པ་ཡིན།  སྔོན་མའི་དུས་ཚིགས་གསུམ་གྱི་དཔལ་འབྱོར་བྱ་བའི་ཐད་ནས།  “བརྟན་གསར་བཟང”གསུམ་གྱིས་མཚོན་པར་བྱས་ཆོག  “བརྟན”ཞེས་པ་ནི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བར་བཤད་པ་ཡིན།   ང་ཚོས་བརྟན་པོའི་ངང་འཕར་བ་ཨང་དང་པོར་བཞག་པ་དང་། མིག་སྔར་དང་མ་འོངས་གཉིས་ཀར་ཕན་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ། སྔོན་མའི་དུས་ཚིགས་གསུམ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དུས་མཉམ་དང་བསྡུར་ན5.6%འཕར་བ་དང་།  ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ31%འཕར་ཏེ།   དམིགས་ཚད་གཙོ་བོ་བཟང་ཕྱོགས་སུ་འཕེལ་ཞིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་ཡོང་བར་སྐུལ་ཁྲིད་བྱས།   “གསར”ཞེས་པ་ནི་སྒུལ་ནུས་གསར་པའི་ནུས་ཤུགས་ཇེ་མགྱོགས་སུ་བཏང་བར་བསྟན་པ་ཡིན། ང་ཚོས་གསར་སྐྲུན་གྱིས་སྐུལ་འདེད་དང་ཚན་རིག་གིས་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་གྱི་སྟེགས་བུ་བཅུ་དང་ལོ་འཁོར་གྱི་གསར་འབྱེད་ཚན་རྩལ་ལས་གཞི402འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་།  གསར་དུ་འཕར་བའི་ཐོན་རིན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ལ་སླེབས་ཡོད། དགའ་འོས་པ་ཞིག་ནི། ང་ཚོའི་རྩིས་འཁོར་འཕྲིན་གཏོང་དང་རྫས་འགྱུར་ཚི་སྣ། སྨན་རྫས་བཟོ་སྐྲུན་སོགས་ཀྱི་ཐོན་ལས་ལ་འཕེལ་ཤུགས་ཆེན་པོ་མངོན་ཡོད།  ཉི་ནུས་གློག་གཡིས་དང་ཐཱན་ཚི་སྣ་སོགས་ཀྱི་ཐོན་ཚད་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་བར་མ་ཟད།  ད་དུང་ཟི་ལིང་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་པའི་ཐད་སྦྲེལ་ས་ཚིགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། “གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ”ཡི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམ་ཤིང་། ལྗང་མདོག་ནུས་ཁུངས་དང་གཞི་གྲངས་དཔལ་འབྱོར་མཉམ་འདྲེས་གསར་སྐྲུན་འཕེལ་རྒྱས་ཀྱི་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ་དང་།  རྒྱལ་ཡོངས་ཀྱི100%ཡི་ནུས་ཁུངས་གཙང་མའི་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་ཐོག་མ་འཛུགས་སྐྲུན་འཁོར་སྐྱོད་བྱས་པ་སོགས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ་ཡོད།    “བཟང”ཞེས་པ་ནི་དམངས་ཚིས་འགན་སྲུང་རྒྱུན་མཐུད་ངང་ལེགས་བཅོས་བྱས་པར་བསྟན་པ་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རིགས་ཆེན་པོ་བཅུའི་དམངས་ཚིས་དོན་དངོས་བཟོ་འགོད41ནན་ཏན་སྒོས་སྐུལ་སྤེལ་བྱས་པ་དང་།  ནོར་སྲིད་ཀྱིས་དམངས་ཚིས་ཐད་བཏང་བའི་འགྲོ་སོང་གིས་ནོར་སྲིད་འགྲོ་སོང་གི77.6%ཟིན་ཡོད།  ང་ཚོས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སློབ་ཞུགས་དང་སྨན་བཅོས། ལས་ཞུགས།   སྡོད་ཁང་། རྒན་གསོ་སོགས་ཐད་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་བྱས་པས།    མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་སྒོས་མཐོར་འདེགས་བྱུང་།  སྔོན་མའི་དུས་ཚིགས་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཡོང་འབབ་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སོ་སོར4%དང7.8%འཕར་སྣོན་བྱུང་ཡོད།

རྗེས་ཕྱོགས།  ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལྟར། ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕར་སྣོན་དང་ལས་ཞུགས་བརྟན་པོ།   དངོས་གོང་བརྟན་པོ་བཅས་ཡོང་བར་བྱས་ཏེ།  “བརྟན”གྱི་འགག་རྩ་དམ་འཛིན་དང“འཕེལ”གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས།  དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བ་མངོན་འགྱུར་གང་ཐུབ་བྱེད་རྒྱུ་ཡིན།  ཕྱོགས་གཅིག་ནས། “བརྟན”གྱི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས།  རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་ཁྲོད་ཧུར་ཐག་གིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་རྒྱུན་རྣམ་ཅན་དུ་སྐུལ་འདེད་དང་། དཔལ་འབྱོར་འཁོར་སྐྱོད་ལ་ལྟ་ཞིབ་བཀོད་གཏོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།  འབྲེལ་མཐུད་གསབ་མཐུད་ལ་དམ་པོར་དམིགས་ནས“དུང་ཕྱུར་བརྒྱའི་ལས་གཞིས་ཁྲིད་སྟོན་བྱེད་པ་དང་། དུང་ཕྱུར་བཅུའི་ལས་གཞིས་དཔེ་སྟོན་བྱེད་པ།  དུང་ཕྱུར་ལས་གཞིས་འདེགས་སྐྱོར”བྱེད་པ་བཅས་ལེགས་པོར་སྒྲུབ་པ། ལས་གཞི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་ཕྱོགས་མང་པོ་ནས་ཤུགས་བཏོན་ཏེ་མ་རྩ་གཏོང་བ་རྒྱ་བསྐྱེད་པ། ཚོང་རའི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛད་སྤྱོད་རྒྱ་སྐྱེད་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་པར་སྐུལ་སློང་གང་ལེགས་བྱེད་པ། ལས་ཞུགས་བརྟན་པོ་དང་དངོས་གོང་བརྟན་པོ་ཡོང་བའི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་པ། ལས་ཞུགས་ཤོང་ཚད་རྒྱ་བསྐྱེད་པ་དང་ལས་ཞུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། གནད་ལ་འཁེལ་བའི་སྒོ་ནས་དམིགས་སར་ཤུགས་འདོན་པ་བཅས་བྱས་ཏེ།  ཕན་འབྲས་བཟང་པོ་ཐོབ་པར་འབད་པ་བྱེད་རྒྱུ་ཡིན།  ཕྱོགས་གཞན་ཞིག་ནས། “འཕེལ”གྱི་བར་སྟོང་རྒྱུན་མཐུད་ངང་རྒྱ་བསྐྱེད་དགོས།  ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལ་ཁ་གཏད་ལེགས་པོ་འཇལ་ཏེ། གཙོ་གནད་ཁྱབ་ཁོངས་སྐོར་ཞིག་གི་བཅོས་བསྒྱུར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པ། ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན་གྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གནད་འགག་ལག་རྩལ་གྱི་གསར་སྐྲུན་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་མགྱོགས་མྱུར་ངང་བཟོ་བ།  མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སྐོར་ཞིག་འདོན་པ། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་བྱེད་པ་བཅས་ཀྱིས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། སྔར་ལས་རང་འགུལ་ཅན་གྱི་སྒོ་འབྱེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུ། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་མཐུད་ལས་དོན་དང་འཐབ་ཇུས་གྲོས་མཐུན་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་ཁེ་ལས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལོ་ཙཱ་བ།སྒྲོལ་མ་སྐྱིད།