རྟ་མཆོག་གི་རྨིག་སྒྲས་དགུན་མགོ་མའི་རྩྭ་ཐང་གི་ལྷིང་འཇགས་དཀྲོགས་ཏེ། རྟ་ཐོག་སྒྲོག་འགྲེལ་རུ་ཁག་དེ་བཀྲག་མདངས་འཚེར་བའི་ཏང་དར་སྒྲེང་མཁན་གྱི་རྗེས་སུ་འབྲང་ནས་ཁྱིམ་ཚང་རེ་རེར་བསྐྱོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་འབྲོག་ཤོག་གཞུང་ཡུལ་ཚོ་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་བརྗོད་དོན་སློབ་གསོའི་སྲིད་ཇུས་ཀྱི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་ཡོད། “རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱ་ཆེད། ཉེ་ལམ་ང་ཚོ་ཚང་མས《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》སོགས་དཔེ་དེབ་ཀྱི་ཡིག་ཆ་འཁྱེར་ཏེ། སྡེ་བ་རེ་རེར་སོང་ནས་ཏང་ཡོན་དང་མང་ཚོགས་ལ་སྒྲོག་འགྲེལ་བྱེད་བཞིན་ཡོད” ཅེས་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི། འབྲོག་ཤོག་གཞུང་ཡུལ་ཚོ་སྤང་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་གིས་དེ་ལྟར་བཤད། སྒྲོག་འགྲེལ་རུ་ཁག་གིས་རྩྭ་ཐང་དུ་སྐོར་སྐྱོད་སྒྲོག་འགྲེལ་བྱས་པར་ཏང་ཡོན་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
2017ལོར་རྟ་ཐོག་སྒྲོག་འགྲེལ་རུ་ཁག་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་བྱ་བར་གཞོལ་ཞིང་། དམིགས་བསལ་གྱི་སྒྲོག་འགྲེལ་རུ་ཁག་དེ་ནི་འབྲོག་ཤོག་གཞུང་ཡུལ་ཚོའི་ཏང་ཨུས་རྩ་འཛུགས་བྱས་ཏེ་བཙུགས་པ་དང་། ཁོངས་མི་ནི་ཡུལ་ཚོའི་ཏང་ཨུའི་གྲུབ་པ་དང་དེ་མིན་སྡེ་བ་རེ་རེའི་རུ་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་གྱིས་གྲུབ་པ་ཞིག་ཡིན་ཞིང་། ཁོ་ཚོར་སྒྲོག་འགྲེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་རྩྭ་ཐང་དུ་སྐད་གྲགས་ཆོད་པའི་སྒྲོག་འགྲེལ་རུ་ཁག་ཅིག་རེད། སྲིད་ཇུས་འགྲེལ་བཤད་དང་གཞུང་ལུགས་སྒྲོག་འགྲེལ་གང་ཡིན་རུང་། ཁོ་ཚོ་ཚང་མས་བབ་ཆགས་ལ་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་འབྲོག་པ་ཏང་ཡོན་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཡོད།
“རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་བྱེད་པའི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ང་ཚོས་གོ་སླ་པོ་ཡོད། ནན་ཏན་ངང་ཉན་རྗེས། ངས་ཏང་གི་སྲིད་ཇུས་མང་པོ་ཤེས་རྟོགས་བྱུང་བ་དང་། རང་ཉིད་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བར་ཐག་ཉེ་པོ་ཡོད་པའི་ཚོར་སྣང་བྱུང་། ལོ་འདི་དག་གི་རིང་། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ”ཞེས་འབྲོག་ཤོག་གཞུང་ཡུལ་ཚོ་སྤང་སྟོད་སྡེ་བའི་ཏང་ཡོན་ཀརྨ་ཡིས་དེ་ལྟར་བཤད།
“གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་མེད། ང་ཚོས་ནམ་ཡང་གུང་ཁྲན་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་འབོད་ཚིག་སྒྲོག་པ་མ་ཡིན་པར་ང་ཚོའི་བསམ་འདུན་ཡིན”ཞེས་ནང་ཆེན་རྫོང་ལྕི་ཆུ་ཡུལ་ཚོ་ཝ་སྐྱིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་ཤ་ཨ་ཆུན་གྱིས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།
ལྕི་ཆུ་ཡུལ་ཚོ་ཝ་སྐྱིན་སྡེ་བའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཏང་རྟགས་ཀྱི་རི་མོ་བརྐོས་ཡོད་པ་དང་། “ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”སོགས་ཀྱི་ཡི་གེ་འཁོད་པའི་རྡོ་སྤུས་ལེགས་མང་པོ་བཞག་ཡོད། རྡོ་འདི་དག་ཚང་མ་ནི་སྡེ་མི་ཚོས་རང་འགུལ་ངང་ལྕི་ཆུའི་ནང་ནས་འཐུས་ཡོང་སྟེ་ཞིབ་ཚགས་ངང་ཡི་གེ་བརྐོས་པ་ཞིག་རེད། རྒྱུ་ཆ་འདེམས་པ་དང་ཡི་གེ་བརྐོ་བ། རྩི་རྒྱག་པ་གང་ཞིག་ཡིན་རུང་ཏང་ཡོན་དང་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ལ་བཅངས་པའི་ལྷག་བསམ་མཚོན་གྱིན་ཡོད།
དུས་ཡུན་རིང་པོར། ལྕི་ཆུ་ཡུལ་ཚོའི་ཏང་ཨུས“ཏང་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་རང་འཁྲིའི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། ཏང་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་མི་བྱེད་པ་ནི་འགན་འཛོལ་ཡིན་པའི”བྱ་བའི་འདུ་ཤེས་བརྟན་པོ་བཙུགས་ནས། ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས། ཕན་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ནས། བསམ་བློའི་སློབ་གསོའི་ཁྲོད་མཉམ་ཤུགས་གཅིག་སྒྲིལ་དང་། གཅིག་གྱུར་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་གསོན་ཤུགས་འཕེལ་བ་དང་། ངར་ཤུགས་འཕེལ་བར་བྱེད་པ། རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ཇེ་ལེགས་སུ་གཏོང་བ། ཡུལ་ཚོ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་བཅས་བྱས།
“ཡུལ་ཚོ་ཡོངས་ཀྱི་གོང་འོག་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི་མཉམ་ཤུགས་ཤིག་ཆགས་ནས། ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་པ་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བའང་སྔར་ལས་ཇེ་ཟབ་ཏུ་ཕྱིན་ཡོད”ཅེས་ལྕི་ཆུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཨ་པིན་གྱིས་དེ་ལྟར་བཤད།
ད་ལོ་ལོ39ལ་སླེབས་པའི་བཀྲ་ཤིས་དགེ་འཕེལ་ནི་ནང་ཆེན་རྫོང་མི་དམངས་འདུམ་འགྲིག་ལྟེ་གནས་ཀྱི་འདུམ་འགྲིག་པ་ཞིག་རེད། ངོ་གདོང་ནག་ལ་མིག་མདངས་སུ་སྤོབས་པས་ཁེངས་ཤིང་། ངོ་གདོང་སྟེང་ནམ་ཡང་འཛུམ་མདངས་ཀྱིས་ཁེངས་ཡོད་ལ། ད་ལོ་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མི་དམངས་འདུམ་འགྲིག་པར”བདམས་པ་རེད།
བཀྲ་ཤིས་དགེ་འཕེལ་གྱིས2010ལོར་འདུམ་འགྲིག་གི་བྱ་བ་སྤེལ་བའི་ཚུན་ལ། གཞི་རིམ་དུ་ལོ13ལ་བྱ་བ་སྒྲུབ་པ་དང་། འབད་བརྩོན་ཧུར་ལེན་དང་ངལ་བ་དང་འཁང་རར་མི་འཛེམས་པར་རྒྱུན་དུ་སྡེ་མིའི་ཁྱིམ་དུ་སོང་ནས་གནས་ཚུལ་ཤེས་རྟོགས་བྱེད་པ། རྩོད་གཞི་གྲལ་བཤེར་བྱེད་པ། སྲང་ལམ་དང་སྡེ་ཁུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཆེ་བ། རྩོད་གཞི་གང་དུ་ཡོད་ཀྱང་ཁོ་ཐོག་མའི་དུས་ཚོད་ནང་ཡུལ་དངོས་སུ་སླེབས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་གྱིན་ཡོད། ལོ་ངོ་མང་པོའི་རིང་ལ། ཁོས་འགལ་བ་སྟོང་གཅིག་ལྷག་ཙམ་འདུམ་འགྲིག་བྱེད་པའི་ཁྲོད་ཞུགས་པ་དང་། འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་98%ཡན་ཟིན་པ་དང་། དོ་བདག་གི་ལག་བསྟར་བྱེད་ཚད99%ཟིན་ཡོད། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཁོས་རང་སྟེང་གི་ལེགས་ཆ་འདོན་སྤེལ་བྱས་ནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་རྒྱུར་བྲེལ་བ་ཆེན་པོ་བྱེད་ཀྱིན་ཡོད། “རང་ཉིད་ཀྱི་བྱ་བ་འདིར་ཧ་ཅང་དགའ་པོ་ཡོད། རྫོང་མི་དམངས་འདུམ་འགྲིག་ལྟེ་གནས་སུ་འདུམ་འགྲིག་པའི་འགན་འཁུར་བ་ནས་བཟུང་། ངའི་ཕྲག་ཐོག་གི་འགན་འཁྲི་ལྕི་རུ་ཕྱིན་ཡོད། སྟེགས་བུ་དེ་ཡོད་ཚེ་ཕྱོགས་གཅིག་ནས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་ཐུབ་ནས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱས་ཡོད། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱིས་ཀྱང་ཕ་ཡུལ་གྱི་མི་དམངས་ལ་ཞབས་འདེགས་དངོས་ཞུས་ནས་ཚང་མ་འཆམ་མཐུན་མང་ཙམ་ཡོང་བ་དང་འགལ་བ་ཉུང་ཙམ་འབྱུང་བར་རེ་བ་བྱེད་ཀྱིན་ཡོད”ཅེས་བཤད།
ནང་ཆེན་རྫོང་མི་དམངས་འདུམ་འགྲིག་ལྟེ་གནས2021ལོའི་ཟླ10པར་བཙུགས། ལྟེ་གནས་དེ་ནི་ཡུས་ཧྲུའུ་ཁུལ་གྱི་མི་དམངས་འདུམ་འགྲིག་ལྟེ་གནས་ཐོག་མ་ཡིན་ཞིང་། ལྟེ་གནས་དེས“བཅའ་ཁྲིམས་གཉིས་དང་དམིགས་བསལ་གདན་ཞུའི”བྱ་ཐབས་སྤྱད་དེ། རྫོང་ཡོངས་ཀྱི་ཕུལ་བྱུང་མི་དམངས་འདུམ་འགྲིག་པའི་ཁྲོད་ནས་གྲོང་གསེབ་ཀྱི་དམངས་སྲོལ་ལ་རྒྱུས་མངའ་ཡོད་པ་དང་། ཁྱིམ་མཚེས་བར་གྱི་འབྲེལ་བར་རྒྱུས་མངའ་ཡོད་པ། དམངས་ཀྱི་བསམ་འདུན་ཤེས་རྟོགས་ཐུབ་པ་བཅས་ལ་ཞིབ་དཔྱད་འདེམས་སྒྲུག་བྱས་ནས། མང་ཚོགས་ཁྲོད་སྙན་གྲགས་ཅུང་ཆེ་བའི་འདུམ་འགྲིག་པ་བདམས་པ་དང་། དེ་དང་ཆབས་ཅིག ད་དུང་མི་དམངས་འདུམ་འགྲིག་པ་དང་གཞི་རིམ་བྱ་བའི་ཉམས་མྱོང་ལྡན་པའི་དྲུང་ཡིག་ལས་ལས་བྱེད་མི་སྣ་འདེམས་སྒྲུག་བྱས་ཏེ། འདུམ་འགྲིག་རུ་ཁག་བཙུགས་པ་དང་། ས་ཆ་བསྡུ་སྤྱོད་དང་བཤིག་སྤོ་བྱེད་པ་དང་། ས་གནས་རྩོད་གཞི། ཁྱིམ་ཚང་གི་གཉེན་སྒྲིག ཁྱིམ་མཚེས་རྩོད་གཞི། དངུལ་བུན་གཏོང་ལེན་གྱི་རྩོད་གཞི། ངལ་ལས་རྩོད་གཞི་སོགས་འདུམ་འགྲིག་བྱ་བ་སྤེལ།
འདུམ་འགྲིག་ལྟེ་གནས་ནི་ནང་ཆེན་རྫོང་གིས་ཏང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་ཡིན་ལ། བརྗོད་དོན་སློབ་གསོའི་ཁྲོད་ཏང་ཡོན་གྱིས་ནུས་པ་འདོན་སྤེལ་དང་དམངས་ལ་ཞབས་འདེགས་ཞུ་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན་པས། རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་ཕྱོགས་བརྒྱུད་སྤེལ་བྱེད་པ། ཁྲིམས་ལྟར་རང་སྐྱོང་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འདེགས་སྐྱོར་གལ་ཆེན་བྱས་ཡོད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།