སྔར་ལས་དངོས་སྒྲུབ་གྱི་སྤྱོད་ཚུལ་དང་ཚད་གཞི་ནན་མོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།
2023.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

—མགོ་ལོག་ཁུལ་པད་མ་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅི་ཆི་པའོ་ཡེ་ལ་བཅར་འདྲི་བྱས་པ།

ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་གཙོ་གནད་རང་བཞིན་དང་གནད་དོན་བཅོས་སྐྱོང་བྱེད་པའི་དངོས་ཡོད་ཀྱི་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་ཟིན་ཟབ་མོ་བྱས་ཏེ། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་དང་། མི་འདང་ས་ཁ་སྐོང་བ་དང་ཞན་ཆ་ཁ་གསབ་པའི་གོ་རིམ་ལ་དོ་སྣང་བྱེད་པ། ཨང་རྟགས་ལྟར་རིམ་པ་བཞིན་སྡོད་པ། གནད་དོན་འཚོལ་སྟོན་བྱེད་པ། དག་ཐེར་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ཡོད་པས། གསར་འགོད་པས་མགོ་ལོག་ཁུལ་པད་མ་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅི་ཆི་པའོ་ཡེ་ལ་དེའི་སྐོར་ནས་བཅར་འདྲི་བྱས།

གསར་འགོད་པ།  ཁྱོད་ཀྱིས་དངོས་ཡོད་དང་འབྲེལ་ཏེ་དཔྱད་ཞིབ་དང་དཔྱད་དཔོག་བྱས་པ་བརྒྱུད་ཕྱིར་ལྡོག་བྱས་པའི་གནད་དོན་དག་ཐེར་བྱེད་པའི་ཆབ་སྲིད་ཀྱི“རྒྱུགས་གཞི”འདིར་ཁ་གཏད་དེ། པད་མ་རྫོང་གིས་གནད་དོན་འཚོལ་སྟོན་དང་བཅོས་སྐྱོང་བྱེད་པའི་ཕྱོགས་ནས་བྱ་བ་གང་དག་བསྒྲུབས་ཡོད་པ་བཤད་རོགས།

ཆི་པའོ་ཡེ། ང་ཚོའི་རྫོང་གིས་ཞིང་ཆེན་ཏང་ཨུའི“ཡི་གེ་གཅིག་ཐོ་གཅིག་ཁས་ལེན་གཅིག”གི་བྱ་བའི་བླང་བྱ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“1+5”ཡི་སྲིད་ཇུས་བྱེད་ཐབས་ལ་གོ་བ་ལེགས་པོ་བླངས་པའི་རྨང་གཞི་ཐོག ཏང་སྲིད་འགོ་ཁྲིད་གཙོ་བོའི་ཚན་གཙོ་གཉིས་ཀྱིས་འགན་འཁུར་བའི་དག་ཐེར་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། དེའི་མངའ་འོག་ཏུ་ཆེད་དོན་ལས་སྒྲུབ་ཚན་ཆུང་དགུ་བཙུགས་པར་མ་ཟད། ཆེད་དོན་དག་ཐེར་གྲོས་གཞི་དང་གནད་དོན་སྐུལ་འདེད་འཆར་གཞི་སྒྲིག་བཟོ་གཏན་འབེབས་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ནུས་ཤུགས་ལྡན་པ་དང་རིམ་པ་རེ་རེ་ནས་འགན་འཁུར་བར་ཁག་ཐེག་བྱས། ང་ཚོས་དཔེ་བཞག་རིགས་འགྲེ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། གནས་པའི་གནད་དོན་རང་འགུལ་གྱིས་ཕྱོགས་ཡོངས་ནས་དང་ལེན་བྱས་པ་དང་། དག་ཐེར་གྱི་དུས་ཚོད་དང་བླང་བྱ། ཚད་གཞི་བཅས་རེ་རེ་བཞིན་གསལ་པོ་བྱས། དུས་མཚུངས་སུ“གཟའ་རེའི་བཀོད་གཏོང་དང་ཉིན་བཅུའི་བརྡ་ཁྱབ། ཟླ་རེའི་ལྟ་ཞིབ”བྱ་བའི་རྐྱེན་སྲོལ་དངོས་འབེབས་རྒྱུན་འཁྱོངས་བྱས་པ་དང་། རྒྱུན་ཨུས་ཡུལ་ཚོ་དང་གྲོང་རྡལ་གྱི་ཧྲུའུ་ཅི་དང་པོའི་འགན་འཁུར་བ་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་མཁར་གྲོང་ལ་འབྲེལ་གཏུག་དང་འགན་ལེན་བྱེད་པ། གནད་དོན་དུས་ཐོག་ཏུ་ཞིབ་བཤེར་སྙན་ཞུ་བྱེད་པ། ལས་གཞི་བདམས་ནས་བསྒྲུབ་རྒྱུར་སྤྲོད་པ། ཁུངས་སྣེ་ཐེར་འདོན་དང་བྱ་དགའ་སྤྲོད་པ། འགན་འཛོལ་འདྲི་རྩད་བྱེད་པ། དམག་འཐབ་དཔེ་རིས་ཁྱབ་སྤེལ་བྱེད་པ་སོགས་ཀྱི་བྱ་བའི་ལམ་ལུགས་ལག་བསྟར་བྱས་ཐོག གནད་དོན་བཅོས་སྐྱོང་དང་ལམ་ལུགས་འཛུགས་སྐྲུན་ཐད་ཕྱོགས་གཉིས་ནས་ཤུགས་བཏོན་ཏེ། དངོས་གནས་གནད་དོན་དག་ཐེར་བྱ་བར་སྐུལ་འདེད་བྱས། མིག་སྔའི་བར་དུ། གནད་དོན་ཡོད་ཚད་དག་ཐེར་བྱས་ནས་ཡོངས་འགྲུབ་བྱས་པ་ཡིན།

གསར་འགོད་པ། བཅོས་སྐྱོང་བྱ་བ་མགོ་བརྩམས་པ་ནས་བཟུང་གྲུབ་འབྲས་དང་ཉམས་མྱོང་གང་དག་བླངས་ཡོད་དམ།

ཆི་པའོ་ཡེ། ང་ཚོའི་རྫོང་གིས“མཐོ་བ་གཉིས”ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་ཞན་ཆ་ཁ་གསབ་བྱེད་པ་དེ་ནང་དོན་གཙོ་བོར་བརྩིས་ནས། དངོས་གནས་གནད་དོན་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་ཡོད། གཅིག་ནི་འགུལ་རྣམ་ལྟ་ཞིབ་བྱེད་པའི་ཕྱོགས་ཡིན་ཏེ། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་ལ་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་པའི་དབུལ་སྐྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ལོ་རེར་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་གྲལ་བཤེར་དང་དབུལ་སྐྱོར་བྱ་འགུལ་ཐེངས་གསུམ་ལ་སྤེལ་ཞིང་། རིམ་བསགས་ཀྱིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང219ཡི་མི721ངོས་འཛིན་བྱས་ཏེ། ཁྱིམ་ཚང64ཡི་མི311གི་ཉེན་ཁ་བསལ་བ་དང་། ཁྱིམ་ཚང155ཡི་མི410ལ་དབུལ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་དབུལ་སྐྱོར་བྱེད་ཐབས་གསུམ་ཡན་བཀོལ་ཏེ། གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་ཕོངས་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས། གཉིས་ནི་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་བྱེད་པར་ཁག་ཐེག་བྱེད་པའི་ཕྱོགས་ཡིན་ཏེ། མིག་སྔའི་བར་དུ། ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཁྱིམ་ཚང་གི་བུ་བུ་མོའི་འགན་བབས་སློབ་གསོའི་བརྟན་ཚད100%ལ་སླེབས་ཏེ། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་བྱེད་པར་ཁག་ཐེག་བྱེད་པའི་བྱ་བ་མངོན་འགྱུར་བྱུང་། གསུམ་ནི་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་ཡིན་ཏེ། རྫོང་ཡོངས་ཀྱི་སྡེ་བའི་འཕྲོད་བསྟེན་ཁང32ཀྱིས“སྔོན་ལ་ནད་བཅོས་དང་རྗེས་ནས་སྨན་རིན་སྤྲོད་པ”དང“ས་ཚིགས་གཅིག་ཅན”གྱི་ཞབས་ཞུ་བྱ་བ་ལག་བསྟར་བྱེད་པ། “སྨན་བཅོས་བྱེད་འོས་པ་རྣམས་སྨན་བཅོས་བྱེད་པ།” ཁྱིམ་ཚང་སྨན་པས་གན་རྒྱ་བཞག་ཚད100%ལ་སླེབས་ཏེ། ནད་ཀྱིས་ཡང་བསྐྱར་དབུལ་བོར་འགྱུར་བའི་སྣང་ཚུལ་སྔོན་འགོག་ནུས་ལྡན་བྱས། བཞི་ནི་སྡོད་ཁང་བདེ་འཇགས་ཀྱི་ཕྱོགས་ཡིན་ཏེ། “ཉེན་ཁང་དུ་མི་སྡོད་པ་དང་མི་སྡོད་སར་ཉེན་ཁང་མེད་པའི”རྩ་དོན་ཡིད་ལ་དམ་པོར་བཟུང་སྟེ། མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བཞི་ཁྲི་བདུན་དང་སྟོང་ལྔ་བཏང་ནས་ཁྱིམ་ཚང264ཡི་ཉེན་ཁང་བཅོས་བསྒྱུར་དང་ཆ་རྐྱེན་ལེགས་བསྒྱུར་བྱས། ལྔ་ནི་འཐུང་ཆུ་བདེ་འཇགས་ཀྱི་ཕྱོགས་ཡིན་ཏེ། རྫོང་ཡོངས་ཀྱི་ཆུ་འདོན་སྦུ་གུ་དང་ཆུ་མགོ10ལ་ཞིག་གསོ་དང་ལྕགས་ར་བསྐོར་ཏེ། རོང་འབྲོག་ཁུལ་གྱི་ཆུ་འདོན་ཁག་ཐེག་ཚད95%ལ་སླེབས། དྲུག་ནི“མཐོ་བ་གཉིས”ཡིན་ཏེ། 2023ལོའི་དུས་ཚིགས་སྔོན་མ་གསུམ་དུ། ཞིང་སྡེའི་གཏན་སྡོད་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བདུན་དྲུག་བརྒྱ་གསུམ་ལ་སླེབས་ཏེ། དུས་མཉམ་ལས9.1%འཕར། རྫོང་ཡོངས་ཀྱི་དབུལ་ཐར་མི་གྲངས2022ལོའི་དུས་ཚིགས་བཞི་པ་ནས2023ལོའི་དུས་ཚིགས་སྔོན་མ་གསུམ་གྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི་གཅིག་དང་སྟོང་གསུམ་དྲུག་བརྒྱ་ཞེ་བརྒྱད་ལ་སླེབས་པ་དང་། 2022ལོའི་དུས་མཉམ་དང་བསྡུར་ན་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཅིག་དང་བདུན་བརྒྱ་གོ་བཞི་འཕར་སྣོན་བྱུང་སྟེ། འཕར་ཚད15.14%ལ་སླེབས། བདུན་ནི་ཞིང་སྡེ་འཛུགས་སྐྲུན་གྱི་ཕྱོགས་ཡིན་ཏེ། གནད་དོན་ཡོད་པའི་སྤྱོད་ཁང་བཅོས་བསྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཞིང་སྡེའི་སྤྱོད་ཁང1507བཅོས་བསྒྱུར་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་དངོས་གནས་ལེགས་བཅོས་བྱས་པ་ཡིན།

གསར་འགོད་པ། རྗེས་མར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་ཐབས་ལམ་དང་འཆར་གཞི་ཅི་འདྲ་ཡོད་དམ།

ཆི་པའོ་ཡེ། རྗེས་མར། ང་ཚོས་ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་དང་སླ་བཅོས་སྤུ་ཙམ་ཡང་མེད་པའི་ལས་སྒྲུབ་རྣམ་འགྱུར་གྱིས། གནད་དོན་ཚབས་ཆེན་བཅོས་སྐྱོང་ལེགས་འཛིན་བྱེད་པ་དེ“གཏན་འཁེལ་གཉིས”བརྟན་སྲུང་དང“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པའི་མངོན་འགྱུར་དཔྱད་ཞིབ་ཏུ་བརྩི་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་གནད་དོན་ཡང་བསྐྱར་འབྱུང་བ་བློ་ཐག་རྦད་ཆོད་ཀྱིས་གཏན་འགོག་བྱས་ཏེ། གནད་དོན་ཕྱོགས་ཡོངས་ནས་བསལ་བ་དང་མི་འདང་ས་ཕྱོགས་ཡོངས་ནས་ཁ་གསབ་བྱེད་པ། བྱ་བ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་ཁག་ཐེག་བྱེད་རྒྱུ་ཡིན། དུས་མཚུངས་སུ། “འདེབས་འཛུགས་དང་གསོ་སྤེལ། ཡུལ་སྐོར”གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་ཤུགས་བཏོན་ཏེ།  དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ལོ་གསུམ་ལྡབ་འཕར་འཆར་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་ཇུས་རོགས་སྐྱོར་གྱི་ཤུགས་ཚད་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ། ཞིང་སྡེའི་ཡུལ་ལྗོངས་དང་རི་སྔོ་ཆུ་དྭངས། སྡེ་བའི་འཛུགས་སྐྲུན། ཞིང་སྡེའི་རིག་གནས། དམངས་སྲོལ་གོམས་གཤིས་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། བོད་ཇ་དང་ནས་ནག ལུག་གྲོད་ཤ་མོ། གླ་བ། ཤྭ་ཁྲ་སོགས་ཁྱད་ལྡན་ཐོན་ལས་སྐོར་ཞིག་གསོ་སྐྱོང་དང་རྒྱ་སྐྱེད་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ།  ཐོན་ལས་སྐྱེ་འགྱུར་གྱི་ཐོན་རྫས་གསར་པ་གསར་སྐྲུན་དང་འཚོལ་ཞིབ་བྱེད་པ། ཁྱད་ཆོས་ཅན་དང་ཁྱད་པར་ཅན། སྣ་མང་ཅན་གྱི་ཐོན་ལས་འཕེལ་རྒྱས་དཔེ་དབྱིབས་ཀྱིས་ཐོན་ལས་འཕེལ་རྒྱས་ཁེ་ལས་ཅན་དང་གཞི་ཁྱོན་ཅན་དུ་ཕྱོགས་པར་རོགས་སྐུལ་བྱས་ཏེ། རྫོང་ཁོངས་ཀྱི་ཐོན་ལས་སྐྱོན་བྲལ་ངང་རྒྱུན་མཐུད་དུ་འཕེལ་འཐུས་པ་མངོན་འགྱུར་འབྱུང་དུ་འཇུག་རྒྱུ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གཙོ་གནད་འགན་འཁྲིར་དམིགས་པ་དང་། གོང་རིམ་སྡེ་ཁག་བར་གྱི་འབྲེལ་འདྲིས་དང་སྦྲེལ་མཐུད་ལ་ཤུགས་སྣོན་པ། མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱེད་པ། ལས་གཞི་འཛུགས་སྐྲུན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། མི་འདང་ས་ཁ་སྐོང་བ་དང་ཞན་ཆ་སྟོབས་ལྡན་དུ་གཏོང་བ། རྩ་བ་བརྟན་པ། ཉེན་ཁ་འགོག་པ། གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་མི་འབྱུང་བའི་ཚད་མཐའ་སྲུང་བ་བཅས་བྱེད་རྒྱུ་མ་ཟད།  སྔར་ལས་ལེགས་པའི་གནད་ཁེལ་གྱི་བྱེད་ཐབས་དང་དོན་གཉེར་གྱི་སྤྱོད་ཚུལ། ཚད་གཞི་ནན་མོ་བཅས་ཀྱི་སྒོ་ནས“དར་སྤེལ་ལྔ”ལ་བརྟན་བརླིང་ངང་སྐུལ་འདེད་བྱེད་རྒྱུ་ཡིན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།