པདྨ་རྫོང་གིས་བྱེད་ཐབས་སྣ་མང་བཏོན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ།
2023.12.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཏང་འཛུགས་སྐྲུན་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་དུ་བརྩིས་ཤིང་། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་གནས་ཚུལ་མཐིལ་རྟོགས་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུད་འདེད་བཏང་བས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་ཕྱིན་ཡོད།   2018ལོར་སྡེ་བའི་ཐུན་མོང་དཔལ་འབྱོར“ཐོད་བརྒལ”བཟོ་འགོད་ལག་བསྟར་བྱས་པའི་ཚུན་ལ། རྫོང་ཡོངས་སུ་ཐུན་མོང་དཔལ་འབྱོར་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གསུམ་འབུམ་བཞི་ཁྲི་ལྔ་བཏང་ནས་སྲིད་འཛིན་སྡེ་བ་སོ་གཉིས་ཀྱི་ས་གཤིས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆར་དམིགས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་ལག་བསྟར་བྱས། 2023ལོའི་ཟླ10པའི་བར་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་གཉིས་ལ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་དགུ་ཁྲི་དྲུག་ལྷག་ཐོབ་པ་དང་། 2022ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་གཉིས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཆ་སྙོམས་ཀྱིས་སྒོར་མོ་ཁྲི་ལྔ་ཡན་ཟིན་ནས། ཡོང་སྒོ་སྒོར་མོ་འབུམ་གཅིག་ཡན་གྱི་སྲིད་འཛིན་སྡེ་བ་ཉེར་བརྒྱད་ཡོད་པ་དེས87.5%ཟིན་ཡོད།

(གཅིག)པདྨ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་ཀྱིས་ཐབས་ལམ་མང་བ་དང་། རྣམ་པ་མང་བ། སྣེ་མང་ཅན་བཅས་ཀྱི་ཐོག་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མང་དུ་གཏོང་ཐབས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། སྡེ་བ་སོ་སོས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ལས་གཞི་ལག་བསྟར་ཇུས་གཞི་བཟོས་ནས“ཏང་འཛུགས”ལས་དོན་ནན་ཏན་ངང་སྤེལ་བ་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་བྱེད་པས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད། དོ་དམ་བྱེད་མཁན་དང་གཉེར་སྐྱོང་མཁན་བྱས་ནས་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་། གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

(གཉིས)སྡེ་བ་སོ་སོར་རྟོག་ཞིབ་དང་ཞིབ་བཤེར། རྩིས་བཤེར། ཞིབ་དཔྱད་བཅས་གཏིང་ཟབ་བྱས་པ་བརྒྱུད། ཞིང་སྡེ་སོ་སོའི་ཐུན་མོང་དཔལ་འབྱོར་གྱི་གནས་ཚུལ་མཐིལ་རྟོགས་བྱས་ཏེ་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་དོ་དམ་རིམ་གྱིས་ཚད་ལྡན་དུ་བཏང་བ་དང་། ཞིང་སྡེའི་ལས་བྱེད་པར་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཐབས་ལམ་འཚོལ་བ་དང་ཐབས་ཤེས་འཚོལ་དུ་འཇུག་པར་སྐུལ་མ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ཡོད། ཡུལ་ཚོ་དང་གྲོང་རྡལ་སོ་སོས་ད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས“ཕྱུགས་ཟོག”ཐད་ཤུགས་བསྣན་པ་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་དམ་འཛིན་ཡག་པོ་བྱས་ཐོག  ཕྱུགས་ལས་གསོ་ཚགས་དང་ཞིང་ཕྱུགས་ཐོན་སྐྱེད་ལས་སྣོན་གྱི་འཆར་འགོད་ཡག་པོ་བྱེད་པའི་བརྒྱུད་རིམ་ནང་ཐོན་ལས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་སྟེ། ཞན་ཆ་ལེགས་ཆར་བསྒྱུར་བ་དང་ཐོན་ལས་འབྲེལ་ཐག་རིམ་བཞིན་རྒྱ་ཆེར་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་བསྐྲུན།

(གསུམ།)སྡེ་བ་སོ་སོ་སོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུ་དེ་རོང་འབྲོག་ཁུལ་གྱི་ཏང་ཀྲི་པུའུ་ཡི་འཛིན་ལུང་གལ་ཆེན་ཞིག་ཏུ་བརྩིས་ནས་བོད་ཇའི་ལས་སྣོན་བཟོ་གྲྭ་དང་། ནས་ནག་རྩམ་འཐག་བཟོ་གྲྭ། འོ་ཕྱུར་ཐོན་རྫས་ལས་སྣོན་བཟོ་གྲྭ། མི་རིགས་ཀྱི་གྱོན་ཆས་ལས་སྣོན་བཟོ་གྲྭ། རྡོ་བརྐོས་ལས་སྣོན་འཁོར་ཁང་། སྐྱེ་ལྡན་ལུད་རྫས་ལས་སྣོན་བཟོ་གྲྭ་སོགས་ཐོན་ལས་གཞན་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་བ་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་དང་གསར་བརྗེའི་ཡུལ་སྐོར། ཕྱུགས་ལས་སོགས་ཐོན་ཁུངས་མཉམ་འདྲེས་ནུས་ལྡན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག་སྨར་ཁོག་གཙང་པོའི་ནགས་ལས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་སོགས་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཐབས་ལམ་མང་པོར་བརྟེན་ནས་རོང་འབྲོག་ཁུལ་གྱི་ལས་ཞུགས་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དང་རོང་འབྲོག་ཁྱིམ་ཚང་ལ“འབབ་འཕར་ཟུང་”མངོན་འགྱུར་ཡོང་བ་བྱས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།