བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡིས“དགོངས་པར་སློབ་སྦྱོང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཤིང་། གཞི་རྩའི་དམངས་ཚིས་འགན་སྲུང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་དམངས་ཚིས་ཞབས་ཞུ་བཅས་ལ་དམིགས་ཏེ། དམངས་ཀྱི་དགོས་མཁོ་སྐོང་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་མགོ་རྩོམ་སར་བཟུང་ཞིང་། དམངས་སེམས་ལ་དྲོད་ཁོལ་སྦྱིན་པ་དང་དམངས་ཚིས་ལ་ཁེ་ཕན་བསྐྲུན་རྒྱུ་རྐང་འཛུགས་ས་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ནུས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།
བསྡོམས་པས་དམངས་སྲིད་གྲོན་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུ་བཏང་བ་དང་། དེའི་ཁྲོད་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་ལྔ་བཏང་ནས་དམངས་ཚིས་ལས་གཞི་བདུན་ལག་བསྟར་བྱས་ཤིང་། ནན་འཛིན་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ། མ་མཐའི་འགན་སྲུང་ལ་དམིགས་ནས། རིམ་པ་དང་རིགས་དགར་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ཞིང་། ཏང་འཛུགས་ཀྱིས་སྤྱི་ཚོགས་རོགས་སྐྱོར་ཁྱབ་ཁོངས་ལ་སྣེ་ཁྲིད་པའི“བརྩེ་སེམས་བཟོ་འགོད”ཀྱི་དཔེ་སྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་མ་ཟད། “ཏང་འཛུགས་དང་སྤྱི་ཚོགས་རོགས་སྐྱོབ”དང་མཁར་གྲོང་སྤྱི་ཚོགས་རོགས་སྐྱོབ་གཞི་གཅིག་ཅན་གྱི་བྱ་བའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་བཏང་ཞིང་། དེའི་ཁྲོད་ཀོས་ནན་རྫོང་གི་མཁར་གྲོང་གི་མ་མཐའི་འགན་སྲུང་དང་ཁྲི་ཀ་རྫོང་གི་མཁར་གྲོང་གཞི་གཅིག་ཅན་གྱི་བྱ་བར་སྐུལ་འདེད་བཏང་ནས་ནུས་ལྡན་སྒོས་ཐག་གཅོད་བྱས།
དུས་མཚུངས་སུ། མང་ཚོགས་ཀྱིས་དོ་སྣང་བྱེད་ཀྱིན་པའི་གནད་དོན་ལ་དམིགས་ཏེ། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མྱུར་མོར་སྐུལ་འདེད་བཏང་། ཀོས་ནན་རྫོང་དུ་རིམ་པ་མང་ཞིང་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞིང་སྡེའི་ཕན་ཚུན་རོགས་རེས་བདེ་སྐྱིད་གླིང་ལག་བསྟར་བྱས་ནས་བཙུགས་པ་དང་། སྒོར་མོ་ས་ཡ་གཅིག་དང་འབུམ་བཞི་ཁྲི་དྲུག་ལག་ཏུ་བསྟར་ནས་ལོ་དྲུག་ཅུ་ཡན་གྱི་རྒན་པར་ལོ་རེར་ཁ་གསབ་མ་དངུལ་སྒོར་སྟོང་གཅིག་རེ་བྱིན། གཞི་རྩའི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ནུས་པ་འཐུས་ཚང་དུ་བཏང་ཞིང་། བཟའ་བཏུང་དང་ཉིན་མོའི་བདག་སྐྱོང་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འཛོམས་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ས་ཚིགས་དང་ཞིང་སྡེའི་ཕན་ཚུན་རོགས་རེས་རྒན་གསོ་ས་ཚིགས་བསྐྲུན་ཏེ། རྒན་པ་གཉོར་སྐྱོང་བྱེད་པར་འགན་སྲུང་བྱས།
དམིགས་བསལ་ཁྱུ་ཚོགས་ལ་དམིགས་ཏེ། བདག་སྐྱོང་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་། རྒྱ་ཆེའི་མང་ཚོགས་ཀྱིས་ཐག་ཉེ་ས་རུ་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཆེད། སྤྱི་ཚོགས་རྩ་འཛུགས་ཀྱི་གསོ་སྐྱོང་རྟེན་གཞི་བཙུགས་ཏེ། སྤྱི་ཚོགས་རྩ་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ཁྲོད་ནུས་པ་གང་ལེགས་སྒོས་འདོན་པར་སྐུལ་འདེད་བཏང་། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”ཀྱི་བྱ་བ་ཡོངས་སུ་དྲ་ཐོག་ནས་སྒྲུབ་པར་སྐུལ་འདེད་བཏང་སྟེ། དབང་པོ་སྐྱོན་ཅན་ཕྱི་ལ་བསྐྱོད་མི་དགོས་པར“དྲ་ཐོག་ཏུ་སྒྲུབ”ཐུབ་པ་མངོན་འགྱུར་བྱས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།