དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས།
2023.12.21 ཁུངས། མི་དམངས་དྲ་བ། ཀློག་གྲངས། 4

 —ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་ནི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཡང་ཡིན།  ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་། དཔལ་འབྱོར་གྱི་གནས་བབ་ལ་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དེར་གོ་བ་གཏིང་ཟབ་བླངས་ཏེ། དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་ལ། “ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ནས་དཔལ་འབྱོར་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས”ཞེས་བསྟན་ཡོད།

ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐར་ཐུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ད་ལོའི་ཚུན་དུ། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ལ་ཕྱོགས་ནས། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་གཞི་ཁྱོན་བརྟན་པོ་བྱུང་བ་དང་སྤུས་ཚད་མཐོ་རུ་ཕྱིན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད་པ་ལས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་ལ་བརྡར་ཤ་བཅད་པ་དང་འབྲེལ་ཡོད་འཐབ་ཇུས་ཀྱི་ཡང་དག་པའི་རང་བཞིན་དང་སྔོན་དཔག་གི་རང་བཞིན་ར་སྤྲོད་གང་ལེགས་བྱས་པ་དང་།  “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་སྒོས་མངོན་ཡོད། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་བྱེད་པ་དེ་སྔར་བཞིན་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། དཔལ་འབྱོར་ཡང་བསྐྱར་འཕེལ་རྒྱས་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་བར་དཀའ་ངལ་དང་འགྲན་སློང་ཁག་གཅིག་ཁྱད་བསད་བྱེད་དགོས། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་དང་འགྲན་སློང་ཇི་ཙམ་ཆེ་ན།  དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་དགོས་ལ། ཏང་གི་དར་ཆའི་འོག་མཐུན་སྒྲིལ་དང་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་པ་དང་།  ཡིད་ཆེས་བརྟན་པོ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་ངར་ཤུགས་ལ་བརྟེན་ནས་གཏན་ལ་འཁེལ་བའི་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས།

ཐེངས་འདིའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་། དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་བླང་བྱ་གསལ་པོ་བཏོན་པ་དང་།“ཆད་ལུས་མེད་པར་དོན་འཁྱོལ་དམ་འཛིན་བྱེད་པ”།  “ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱེད་པ”།  “དངོས་ཐོག་བདེན་འཚོལ་གྱིས་དོན་འཁྱོལ་དམ་འཛིན་བྱེད་པ”“སྒྲུབ་ཕོད་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་པ”བཅས་ནན་བཤད་བྱས་ཡོད་པས།  ང་ཚོར་དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་གྲུབ་འབྲས་གསར་པ་ལེན་པར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་དང་བྱེད་ཐབས་ཀྱི་ཁྲིད་སྟོན་གནང་ཡོད། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར། བཀོད་སྒྲིག་རེ་རེ་བཞིན་དོན་འཁྱོལ་བྱེད་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱེད་པར་མཐོང་ཆེན་མི་བྱེད་པ་དང་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་མ་བྱས་ཚེ། འཆར་འགོད་དང་བཀོད་སྒྲིག་ཅི་འདྲ་ཡག་པོ་ཞིག་ཡིན་རུང་ཚང་མ་སྟོང་བཤད་དུ་འགྱུར་སྲིད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཇུས་འགོད་བྱས་པའི་བརྗིད་ཆེའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་དང་། དཔལ་འབྱོར་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་འགག་རྩ་ནི་དོན་འཁྱོལ་དམ་འཛིན་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་འགན་འཁུར་ལེན་བྱེད་པར་རག་ལས་ཡོད།

བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས།  དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དངོས་གནས་ཆེ་རུ་གཏོང་བ་དང་།  ནུས་ཡོད་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་བྱེད་པ་དང་མཐུན་རྐྱེན་ཡོད་ཚད་བེད་སྤྱོད་བཅས་བྱེད་དགོས་ལ།  དམ་འཛིན་གྱི་ངར་ཤུགས་དང་། དམ་འཛིན་བྱེད་ཕོད་པའི་ངར་ཤུགས། དམ་འཛིན་བྱེད་མཁས་པའི་ཐབས་བཟང་། རྒྱུན་དུ་དམ་འཛིན་བྱེད་པའི་སེམས་ཤུགས་བཅས་ལ་བརྟེན་ནས། སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཏེ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་ནི་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བར་ཚད་འཇལ་བའི་མཚོན་རྟགས་གལ་ཆེན་ཡང་ཡིན་ཞེས་ནན་གྱིས་བསྟན་ཡོད།  ཇི་མ་ཇི་བཞིན་དུ་དོན་འཁྱོལ་དམ་འཛིན་བྱེད་དགོས་ན། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གོ་བ་ཟབ་མོ་བླངས་ནས་ལག་བསྟར་ཐད་ཁ་ཕྱོགས་མི་ནོར་བ་དང་། བབ་བསྟུན་མི་བྱེད་པ། ཕྱི་ཚུལ་ཙམ་མི་བྱེད་པ་བཅས་བྱས་ནས།  མཐའ་མའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པ་དང་འཚམ་པའི་འགན་ལེན་བྱེད་དགོས། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས་ན། འཕྲལ་མར་སྒྲུབ་པའི་འདུ་ཤེས་ཡོད་དགོས་པར་མ་ཟད། དུས་ཚོད་དང་ཕན་འབྲས་ལ་སྤྱི་འདོམས་སྟངས་འཛིན་དང་ཕན་འབྲས་བཟང་པོ་ཐོན་པར་བརྩོན་ལེན་བྱེད་དགོས་ལ། གནད་ལ་འཁེལ་ཚེ་དམ་འཛིན་དང་མང་ཙམ་སྒྲུབ་ཐུབ་ན་མང་ཙམ་སྒྲུབ་དགོས། ལས་དོན་སྒྲུབ་མཁས་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས་ན། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་སྲིད་ཚོང་བར་གྱི་ཉེ་གཙང་འབྲེལ་བ་གསར་པར་སྟངས་འཛིན་ཡང་དག་བྱས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་བློ་བདེ་བག་ཕེབས་ངང་ལས་སྒྲུབ་ལས་གཏོད་ཐུབ་པར་བྱས་ནས། དོན་འཁྱོལ་དམ་འཛིན་བྱེད་པའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་དགོས།  བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད།

མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་མཐུན་རྐྱེན་དེ་འགལ་རྐྱེན་ལས་ཆེ་བས། དཔལ་འབྱོར་བསྐྱར་འཕེལ་དང་བཟང་ཕྱོགས་སུ་འཕེལ་བ་དང་། ཡུན་རིང་ལེགས་པའི་གཞི་རྩའི་འཕེལ་ཕྱོགས་བཅས་ལ་འགྱུར་ལྡོག་བྱུང་མེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་འབད་འཐབ། སེམས་ཤུགས་གཅིག་སྒྲིལ།  ཞུམ་མེད་འབད་འཐབ་བཅས་བྱས་ཚེ། ང་ཚོས་དཔལ་འབྱོར་ཡང་བསྐྱར་བཟང་ཕྱོགས་སུ་འཕེལ་བ་དང་ལེགས་པའི་གནས་བབ་སྲ་བརྟན་དང་ཆེ་རུ་གཏོང་ཐུབ་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་མུ་མཐུད་དུ་རླུང་བརྟེན་རླབས་གཤགས་སྒོས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་དང་དུས་རབས་ཀྱི་འོད་སྟོང་གསར་པ་བསྐྲུན་ཐུབ་ངེས་ཡིན།

ཡིག་སྒྱུར་པ། སྒྲོལ་མ་སྐྱིད།