སྤྱི་ཚོགས་ལས་དོན་བཅོས་སྒྱུར་གསར་གཏོད་བྱས་ནས་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཁེ་ཕན་ཐོབ་པར་བྱས།
2023.12.26 ཁུངས། མི་དམངས་དྲ་བ། ཀློག་གྲངས། 10

 དམངས་ཚིས་ནི་མི་དམངས་བདེ་སྐྱིད་ཡོང་བའི་རྨང་གཞི་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་རྩ་བ་ཡིན་པས། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་ཚིས་འགན་ལེན་དང་ལེགས་བཅོས་བྱེད་པར་སྔར་ལས་མཐོང་ཆེན།  དམངས་ཚིས་ཞན་ཆ་གསབ་པ།  དམངས་ཚིས་ཕན་བདེ་ཆེ་རུ་གཏོང་བ་བཅས་བྱས་ནས།  རིགས་སོ་སོའི་མི་དམངས་མཉམ་དུ་ཕྱུག་པོར་འགྱུར་བར་ སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་བཅུའི་ནང་། རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་ལས་དོན་ བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་རྣམ་པ་གསར་པ་གཏོད་པར་ཤུགས་སྣོན་བྱས་པ་དང་ཆབས་ཅིག  མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། ཐད་ཀར་འབྲེལ་བ་ཡོད་པ། ཆེས་དོན་དངོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།  སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལོ་བཅུའི་ནང་། རང་རྒྱལ་གྱིས་ལས་གནས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྤུས་ཚད་མཐོན་པོའི་ངང་ལས་ཞུགས་མངོན་འགྱུར་ཡོང་བའི་བསམ་འཆར་མགྱོགས་མྱུར་ངང་བཟོས་ཏེ། ལས་ཞུགས་བསྡུ་ལེན་བྱེད་ཤུགས་ཆེ་བའི་ལས་རིགས་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གཞི་ཁྱོན་མངོན་གསལ་སྒོས་ཆེ་རུ་ཕྱིན་པས། གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་ཆ་སྙོམས་ཀྱིས་མི་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་གསར་དུ་ལས་ཞུགས་ཐུབ་པ་བྱུང་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་སིའི་སི་ཀྲང་གཞོན་པ་ཁྲིན་ཡུང་ཅ་ཡིས་བཤད་རྒྱུར། མཁོ་སྤྲོད་མཐུན་སྦྱོར་གྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས།   “སྒོ་རྩའི”ལས་ཞུགས་ཞབས་ཞུའི་ས་ཚིགས་མང་པོ་བསྐྲུན་པ་དང་། ཉིན་གླའི་ཁྲོམ་ར་བཀོད་སྒྲིག་ལུགས་མཐུན་བྱེད་པ། དུས་ཐོག་ཏུ་གདན་ཞུའི་ཞབས་ཞུར་སྐུལ་འདེད་གཏོང་བ། སྐབས་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་སྲིད་ཇུས་དང་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།  ཕྱིར་བསྐྱོད་པ་དང་ཐག་ཉེ་སར་ལས་ཞུགས་བྱེད་པ་གཉིས་གོ་རིམ་ལྡན་པའི་ངང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས།  ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་ལས་ཞུགས་མཁྲེགས་གཏོར་བྱ་སྤྱོད་སྤེལ་བ་དང་། ཞིང་པ་ཞོར་ལས་པ་དང་ལྷག་པར་དུ་དབུལ་ཐར་མི་གྲངས་ཀྱི་ལས་ཀའི་གཞི་ཁྱོན་ཇེ་བརྟན་དུ་གཏོང་དགོས་ཟེར།

ལོ་བཅུའི་རིང་ལ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་མགྱོགས་ལམ་དུ་སླེབས་ཏེ།  འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཞིང་བྱེད་ནུས་ཆ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད། རྒྱལ་ཡོངས་སུ་སྤྱི་ཚོགས་ཉེན་ཚབ་བྱང་བུ་སྤྱོད་མཁན་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་ཟིན་པ་དེ་མི་གྲངས་ཀྱི97.3%ལ་ཁེབས་ཡོད་པ་དང་། དེའི་ནང་མི་དུང་ཕྱུར8ལྷག་གིས་ལག་ཁྱེར་ཁ་པར་ནང་གློག་རྡུལ་སྤྱི་ཚོགས་ཉེན་ཚབ་ཀྱི་བྱང་བུ་སྤྱོད་བཞིན་ཡོད་པ་རེད།

རང་རྒྱལ་གྱི་རྒན་གསོ་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ལོ་བཅུའི་ནང་གཞི་རྩའི་རྒན་གསོ་ཉེན་ཚབ་ཁོ་ནའི་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་2དང་བྱེ་བ5ལྷག་ཏུ་བསླེབས་ཡོད།

ལོ་བཅུའི་རིང་། རང་རྒྱལ་གྱིས་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་ཆུང་ཐག་གཅོད་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས། སྨན་བཅོས་ཉམས་ལེན་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་བ་དང་།    90%ཡི་ཁྱིམ་ཚང་སྐར་མ15ཡི་ཚུན་དུ་སྨན་བཅོས་ས་ཚིགས་ཉེ་ཤོས་སུ་སླེབས་ཐུབ།  སྨན་ཁང4800ལྷག་གིས་དུས་མཚམས་དབྱེ་ནས་སྨན་བཅོས་བྱེད་ཆོག་པ་དང་། སྨན་ཁང2000ལྷག་གིས་རིག་ཚན་མང་པོའི་སྨན་བཅོས་ཞབས་འདེགས་ཞུ་སྟངས་མཁོ་འདོན་བྱས་ནས། ནད་གཞི་ལྕི་རིགས་ལ་བརྟག་དཔྱད་བྱེད་དཀའ་བའི་དཀའ་གནད་རྒྱུན་ཆད་མེད་པར་ཐག་གཅོད་བྱས་ཡོད།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་སྨིས་ཧྥུན་གྱིས་བཤད་རྒྱུར། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་དོ་སྙོམས་བཀོད་སྒྲིག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། སྨན་བཅོས་ཞབས་ཞུའི་རྣམ་པ་དང་གསོ་རིག་ལག་རྩལ་མགྱོགས་མྱུར་ངང་གསར་གཏོད་དང་འཕེལ་རྒྱས་བཏང་ནས། མི་དམངས་མང་ཚོགས་ཀྱིས་ཐག་ཉེ་སར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་རེ་བ་རྒྱུན་ཆད་མེད་པར་བསྐངས་ཡོད།   སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཞིན་སྐྱོར་དང་རིམ་པ་གསུམ་པའི་སྨན་ཁང་གིས་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་མུ་མཐུད་དུ་སྤེལ་ནས།   “ནད་གཞི་ཚབས་ཆེན”རང་སྐྱོང་ལྗོངས་ནང་ཁུལ་དུ་སྨན་བཅོས་བྱེད་ཐུབ་པ་དང་།  རྒྱུན་མཐོང་ནད་རིགས་དང་འབྱུང་ཚད་མཐོ་བའི་ནད་རིགས་རྫོང་རིམ་པའི་སྨན་ཁང་དུ་སྨན་བཅོས་བཟང་བོ་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད་ཟེར།

ཉེ་བའི་ལོ་ཤས་རིང་། སློབ་གསོ་དང་། སྨན་བཅོས། ལས་ཞུགས། རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་དང་རེ་སྒུག་ཆེན་པོ་བྱེད་པའི་གནད་དོན་ནས་འགོ་བརྩམས་སྟེ། སྲིད་ཇུས་གསར་པ་དང་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་བཏོན་ནས། མང་ཚོགས་ལ་དམངས་ཚིས་ལེགས་བཅོས་དང་བདེ་སྐྱིད་ཆེ་རུ་གཏོང་བའི་གཏམ་བཟང་བསྐྱལ་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་དབྱི་ཡིས་བཤད་རྒྱུར།  སྤྱི་ཚོགས་ལས་དོན་བཅོས་སྒྱུར་གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་ལོངས་སྤྱོད་ཐུབ་པ་བྱས་ཡོད། ང་ཚོ་ནི་དམངས་ཡོངས་ལ་འགན་སྲུང་བྱེད་པའི་སྤྱི་ཚོགས་ཤིག་ཡིན་ཞིང་། རྒན་གསོའི་ཉེན་ཚབ་དང་སྨན་བཅོས་ཉེན་ཚབ་ཐད་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཀྱང་ཆེས་ཆེར་འཕར་ཡོད།  ལོ་རེར་ང་ཚོས་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་བྱེ་བ1ལྷག་གི་ལས་ཞུགས་གནད་དོན་མངོན་གསལ་སྒོས་ཐག་གཅོད་ཡག་པོ་བྱས་པས།  རང་རེའི་རྒྱལ་ཁབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ལ། གསར་གཏོད་འཕེལ་རྒྱས་ཐད་རང་རྒྱལ་གྱི་གཏིང་ཤུགས་ཀྱང་ཆེན་པོ་ལྡན་ཡོད། ལོ་བཅུ་པོ་འདིའི་ནང་གྲངས་ཀ་འཕར་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

ཡིག་སྒྱུར་པ། སྒྲོལ་མ་སྐྱིད།