འཚེམ་བཟོ་ཁང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་འདེགས་བྱས།
2024.01.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་གཅིག་འདོམས་བྱས་ཏེ་ཕྱི་ཕྱོགས་སུ་གླ་གཏོང་དང་ནང་ཁུལ་དུ་གསོ་སྐྱོང་བྱས་པ་བརྒྱུད་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྩལ་བ་དང་། ཡུལ་བབ་དང་བསྟུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་ནས་དེ་སྔའི་བེད་མེད་རྒྱུ་ནོར་དེ་སྡེ་བ་ཐུན་མོང་གི་ཡོང་འབབ་འཕར་སྣོན་གྱི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་རིང་གནམ་ལྷས་གྱོན་ཆས་ཕྱིར་ཚོང་ཁང་དུ་ཁོས་འཚེམ་བཟོ་བྱས་པའི་གྱོན་པ་སྐྱེལ་བཞིན་ཡོད་དེ། ཟླ་འདིའི་གྱོན་པ་སྐྱེལ་ཐེངས་བཞི་པ་ཡིན་འདུག གནམ་གཤིས་ཇེ་འཁྱག་ཏུ་སོང་བ་དང་དགུན་དུས་ཀྱི་གྱོན་ཆས་འདོན་སྤྲོད་ཀྱི་དགོས་མཁོ་སྐོང་མ་ཐུབ་པ། ཚོང་ཟོག་གི་ཡོང་ཁུངས་ལ་འགན་ལེན་བཅས་བྱ་ཆེད། ཟླ་འདི་དག་གི་རིང་ཁོའི་ལས་ཀའི་འབོར་ཚད་ཀྱང་སྔར་ལས་ཆེ་རུ་ཕྱིན་ཡོད།གནམ་ལྷའི་ཁྱིམ་ཚང་འཚེམ་བཟོ་ཁང་དུ་བཟོ་འཁོར་གྱི་འགྲོས་ཚད་མགྱོགས་ལ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་མ་ཟད། དེས་གནམ་ལྷའི་ཁྱིམ་མིའི་བདེ་སྐྱིད་ཀྱི་འཚོ་བར་དྲོ་སྐྱིད་སྩོལ་བཞིན་འདུག

ཁྱིམ་ཚང་འཚེམ་བཟོ་ཁང་གི་སྐོར་གླེང་སྐབས་གནམ་ལྷས་མཐའ་གཅིག་ཏུ་བསྔགས་བརྗོད་བྱེད་ཀྱི་ཡོད། གནམ་ལྷ་ནི་ཐུན་ཏེ་རྫོང་འབའ་ལུང་ཞང་སུམ་མདོ་སྡེ་བས་ཡིན་པ་དང2014ལོར་ནད་གཞིའི་དབང་གིས་ཡིག་ཚགས་བྱང་བུ་ཅན་གྱི་ཁྱིམ་ཚང་དུ་ངོས་འཛིན་བྱས་པ་དང་། ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་ལས་གཞན་ཁོས་ད་དུང་སྡེ་བའི་ཐུན་མོང་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭར་མ་རྐང་བཞག་ཡོད་ཅིང་བཟོ་གྲྭ་དེ་གའི་འཚེམ་བཟོ་བ་བྱས་ཡོད་པས་ལོ་རེ་རེ་བཞིན་གླ་ཕོགས་རག་གི་ཡོད་པ་མ་ཟད། ད་དུང་གཏན་འཇགས་ཀྱི་བགོ་བཤའི་ཡོང་འབབ་ཀྱང་རག་གི་ཡོད་པ་རེད། དུས་དེར་གནམ་ལྷ་ཚང་གི་འཚོ་བ་ཡར་ངོས་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་འདུགཡིན་ནའང་གྱོན་ཆས་ལས་སྣོན་བཟོ་གྲྭ་རྫོང་མཁར་གྱི་ཁོ་རྒྱ་ཐང་དུ་ཡོད་པ་དང་སུམ་མདོ་སྡེ་བ་དང་བར་ཐག་སྤྱི་ལེ་བཞི་ཙམ་ཡོད་ལ། ཉིན་རྒྱུན་དུ་བཟོ་གྲྭའི་ནང་དུ་ལས་ཀ་བྱེད་དགོས་པས་གནམ་ལྷས་ཁྱིམ་ཚང་གི་ཞིང་ལས་ཐད་ཀྱི་ལས་ཀ་མང་པོ་ཞིག་དུས་ལྟར་གཉེར་མི་ཐུབ་པ་དང་། ཁྱིམ་གྱི་རྒན་པ་དང་བྱིས་པར་ཡང་ལྟ་སྐྱོང་ཡག་པོ་ཞིག་བྱེད་མི་ཐུབ་པས། གནམ་ལྷས་བཟོ་གྲྭའི་ནང་གི་ལས་ཀ་དགོངས་ཞུ་བྱས་ཏེ་ཡུལ་དུ་ལོག་ནས་ཞིང་ལས་ཀྱི་ལས་ཀ་གཉེར་བ་རེད། དེས་ཁོའི་ཡོང་འབབ་མང་པོ་ཞིག་མར་ཆགས་སུ་བཅུག   གནམ་ལྷས་ལས་ཀ་དགོངས་ཞུ་བྱེད་པའི་སྐབས་དེར། སྡེ་བའི་ནང་གི་སྡེ་མི་གཞན་དག་གིས་ཀྱང་སྔ་རྗེས་སུ་ལས་ཀ་དགོངས་ཞུ་བྱས་ཤིང་རིམ་བཞིན་གྱོན་ཆས་བཟོ་གྲྭའི་ལས་ཀ་ཡང་མཚམས་མི་འཇོག་རང་འཇོག་ཏུ་གྱུར། སྐབས་དེར་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིས་དཀའ་ངལ་དེར་ཁ་གཏད་དེ་ཕྱོགས་མང་པོ་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས།  མང་ཚོགས་ཀྱིས་འཚེམ་བཟོའི་ཞོར་དུ་ཞིང་ལས་བདག་གཉེར་བྱེད་མི་ཐུབ་པ་དང་། ཐོན་རྫས་མང་པོར་གཏན་འཇགས་ཀྱི་ཚོང་ལམ་མེད་པ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱ་ཆེད། སྡེ་བའི་ཏང་ཀྲི་པུའུ་ཡིས་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་ཁྱིམ་ཚང་གི་འཚེམ་བཟོ་ཁང་གཉེར་སྐྱོང་བྱེད་སྟངས་བཏོན་ནས་ལས་སྣོན་བཟོ་གྲྭའི་ནང་གི་བཟོ་འཁོར་དག་སྡེ་བའི་ཁྱིམ་ཚང་འཚེམ་བཟོ་ཁང140ལ་སྤྲད་དེ་སྡེ་མི་ཚོར་ཁྱིམ་ཚང་གི་འཚེམ་བཟོ་ཁང་བཙུགས་ནས་ཁྱིམ་ཚང་དུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ལྕག་སྐུལ་བྱས་པས་ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཡོང་གི་ཡོད་པ་རེད། སུམ་མདོ་སྡེ་བར་གནམ་ལྷ་དང་འདྲ་བར་མང་ཚོགས་མང་པོ་ཞིག་གིས་སློབ་གྲྭ་འཚོགས་པའི་རྗེས་སམ་ཡང་ན་ཞིང་ལས་ཚར་རྗེས་ཀྱི་ཁོམ་ལོང་གི་དུས་ཚོད་ནང་གྱོན་ཆས་ལས་སྣོན་བྱས་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་བཞིན་འདུག

སུམ་མདོ་སྡེ་བས་ཡུལ་བབ་དང་བསྟུན་ནས་མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱས་ཡོད། འོན་ཀྱང་མ་དངུལ་གང་འགབ་ཅི་སྤྱོད་བྱས་པ་དེས་རྒྱུ་ནོར་དང་མ་དངུལ་འཁོར་སྐྱོད་ཙམ་མ་ཡིན་པར་ཐོན་སྐྱེད་ནུས་ལྡན་ཡོང་བ་བྱེད་དགོས། མང་ཚོགས་ཀྱི་ཡོང་འབབ་ཐད་འགན་ལེན་ཐུབ་ཡོད་མོད། ཡིན་ནའང་བེད་མེད་དུ་ལུས་པའི་འཚེམ་བཟོ་ཁང་དེས་སྡེ་བའི་ཏང་ཀྲི་པུའུ་མགོ་ཁྲིད་ཚན་ཁག་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། བེད་མེད་ཐོན་ལས་གང་འགབ་ཅི་སྤྱོད་བྱ་ཆེད། 2023ལོར་རོགས་སྐྱོར་སྡེ་ཁག་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་སུམ་མདོ་སྡེ་བས་ཚོང་འགུགས་མ་འདྲེན་བྱས་ནས་དེ་སྔའི་ཐུན་མོང་གི་འཚེམ་བཟོ་ཁང་ཐུན་ཏེ་རྫོང་ཀྲེན་ཝང་ཁ་ལོ་བའི་སློབ་གྲྭར་བོགས་གཏོང་བྱས་པ་དང་ལོ་ལྔའི་རིང་ལ་གན་རྒྱ་བཞག་པས་ལོ་རེར་སྡེ་བ་ཐུན་མོང་ལ་བོགས་གཏོང་ཡོང་འབབ་སྒོར་ཁྲི་ལྔ་མང་དུ་བཏང་ཡོད། སུམ་མདོ་སྡེ་བས་སྡེ་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཐོན་ལས་གླིང་གི་བཟོ་གྲྭ་དང་ཁྱིམ་ཚང་གི་འཚེམ་བཟོ་ཁང་ཟུང་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་དངོས་སུ་བཏོན་པ་དང་། སྡེ་བ་ཐུན་མོང་གིས་སྒྲིག་ཆས་མཁོ་འདོན་དང་ཞིང་ཁྱིམ་བེད་སྤྱོད་དོ་དམ་བྱས་ནས་ཐོན་སྐྱེད་འཕྲུལ་འཁོར་མང་ཚོགས་ཀྱི་ཁྱིམ་དུ་བཞག་སྟེ་ལག་རྩལ་ལྡན་པའི་མང་ཚོགས་ཁྱིམ་དུ་བསྡད་དེ་ཡོང་འབབ་བཙལ་ཆོག་པའི་ལམ་བུ་ཞིག་བསྐྲུན། དེ་དང་ཆབས་ཅིག་བེད་མེད་དུ་ལུས་པའི་བཟོ་ཁང་གཞན་ལ་བོགས་གཏོང་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་ནུས་ལྡན་ངང་མང་དུ་གཏོང་བ། ཞན་ཆ་གསབ་པ། འགལ་ཟླ་སེལ་བ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།