“རི་བོ་གཉིས”བསྒྱུར་བའི་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་ཡོང་བར་བྱེད་དགོས།
2024.01.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

མཚོ་སྔོན་གྱི་སྐྱེ་ཁམས་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན། ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས། ས་ཁོངས་ཡོངས་བཅས་ཀྱི་མ་ལག་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱར་གྱུར་ཡོད།

མཛེས་སྡུག་ལྡན་པའི་མཚོ་སྔོན་ནི་རི་བོ་སྟོང་གི་མཛེས་པར་བརྒྱན་ཞིང་དང་ཆུ་བོ་མང་པོའི་རྒྱུན་རིང་བ་ཞིག་ཡིན་པས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གཡང་ཊི་ཞིག་དང་འདྲ་བ་དང་། དེའི་མཛེས་པ་ནི་སྐྱེ་ཁམས་ཀྱི་ཁྲོད་དུ་ཡོད་ཅིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཁྲོད་དུ་ཡོད་པ་རེད།

ལོ་རེར་ཐེངས་རེར་འཚོགས་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ནི་ས་གནས་ཀྱི་བྱ་བར་འཆར་འགོད་བྱེད་པའི་ཚབ་མཚོན་རང་བཞིན་གྱི་འགོ་འཛུགས་ས་ཞིག་ཡིན་ལ། སྲིད་ཇུས་ཀྱི་ཁེ་ཕན་རེག་པའི་ཆེས་དབང་གྲགས་ལྡན་པའི་ཐབས་ལམ་ཞིག་ཀྱང་ཡིན་པས། མི་དམངས་ཀྱི་ཚབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁུར་དགོས་ཤིང་། “སྐྱེ་ཁམས”ཀྱི་ཐད་འཐུས་མི་དང་ཨུ་ཡོན་ཚང་མས་རེ་སྒུག་གསར་པ་བྱེད་བཞིན་ཡོད།

སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀའི་ཐད་ནས་གྲུབ་འབྲས་བླངས་པ།

ཟླ1ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་དབང་ཕྱུག་གིས་ཐུན་ཏེ་རྫོང་ལ་སྐོར་ཐེངས་བདུན་པར“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་སྐྲུན་རྟེན་གཞིའི“རྒྱལ་ཁབ་ཀྱི་ཟོང་རྟགས”མཚན་སྙན་ཐོབ་པའི་ཞིབ་ཕྲའི་རྒྱུ་ཆ་འཚོལ་བསྡུ་ལ་བྲེལ་བཞིན་ཡོད་པ་དང་། ཁོས་ད་ལོའི་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྲིད་ཇུས་སྔར་ལས་མང་པོའི་ཁེ་ཕན་ཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད།

“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་པ་དང“རི་བོ་གཉིས”ཀྱི་འདུ་ཤེས་ལག་བསྟར་བྱས་ནས“གཙང་ཞིང་དག་པའི”བྱ་བར་འཆར་འགོད་བྱེད་དགོས། འདས་ཟིན་པའི་ལོ་གཅིག་ནང་། ཐུན་ཏེ་རྫོང་གིས“རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱག་རོམ་བཅས་གཞི་གཅིག་ཅན་ལ་བཅོས་སྐྱོང་བྱེད་པའི”དཔེ་སྟོན་རྫོང་སྐྲུན་པ་དམིགས་ཡུལ་དུ་བཟུང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི“རི་བོ་གཉིས”ཀྱི་གཞན་འགྱུར་བྱེད་སྟངས་དང་། ཐབས་ལམ། རྐྱེན་སྲོལ་བཅས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱག་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས་རྨ་ཆུ་དང་། བརླན་ས། རི་ཆུ། རྩྭ་ཐང་། ནགས་ས་སོགས་ཀྱི་རྩོམ་ཡིག་ཡག་པོར་བྲིས་ཏེ། རྩྭ་ས་ཞན་འགྱུར་དང་སྤང་ཤུན་སླར་གསོའི་དཔེ་སྟོན་རྟེན་གཞི་བཙུགས་ནས་མཐོ་སྒང་གི་གྲང་ངར་ཆེ་བའི་རྩྭའི་སྐྱེ་ཁམས་ཞན་འགྱུར་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་བ་ཞིག་འཛུགས་དགོས།  “ཐུན་ཏེ་རྫོང་གིས་བློ་ཁོག་ཆེན་པོས‘ཕྱོགས་གསུམ་བཀོད་སྒྲིག’གི་སྐྱེ་ཁམས་འཐབ་ཇུས་འཚོལ་ཞིབ་དང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་འབྲོག་ཁྱིམ་སུམ་ཆའི་གཅིག་གི་མཁར་གྲོང་དུ་གནས་སྤར་ནས་གཏན་སྡོད་བྱས་ཏེ། རྩྭ་ས་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་དུ་འཇོག་པ་དང་། ཁེ་སྤོགས་རེག་ཐབས་བྱེད་པ། རྫོང་མཁར་དུ་ལས་ཀ་སྣ་མང་གཉེར་དུ་འཇུག་རྒྱུ་རེད། འབྲོག་ཁྱིམ་སུམ་ཆའི་གཅིག་ཞིང་ལས་དང་གྲོང་རྡལ་ཆུང་གྲས་སུ་གནས་སྤར་ནས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ནང་ཞུགས་སུ་བཅུག་སྟེ། ངལ་རྩོལ་གླ་ཆ་ཡོད་པར་བྱེད་རྒྱུ་རེད། ལྷག་མའི་འབྲོག་ཁྱིམ་གསུམ་ཆའི་གཅིག་དེ་སྔའི་རྩྭ་ཐང་དུ་བསྡད་དེ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་རྩྭ་ཐང་དུ་བསྡད་དེ། ས་གནས་རང་ནས་ཁྱིམ་ཚང་ཕྱུགས་ར་འཕེལ་རྒྱས་གཏོང་རྒྱུ་རེད། ད་ལྟ་ཐུན་ཏེ་རྫོང་གི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་རྣམ་པར་བཀག་འགོག་ཐེབས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་ཐོབ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་མྱུར་དུ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཐད་ལ་གྲུབ་འབྲས་བླངས།” ཐུན་ཏེ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གླེང་སྐབས། དབང་ཕྱུག་ལ་བརྗོད་མི་ཚར་བའི“ང་རྒྱལ་ཞིག་དང་སྤོབས་པ་ཞིག་སྐྱེས”བཞིན་འདུག

དོན་ངོ་མར་བློ་གྲོས་དང་སྟོབས་ཤུགས་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི“གནས་བཞི”འཛུགས་སྐྲུན་གྱི་འབད་འཐབ་དམིགས་འབེན་སྟེང་གཅིག་བསྡུ་བྱེད་དགོས། ཐུན་ཏེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཐབས་རབ་དང་རིམ་པའི་ཐད་ཕན་འབྲས་མངོན་གསལ་བླངས་པར་མ་ཟད། “ལྗང་མདོག་སྐྱེ་ཁམས་ནི་རྒྱུ་ནོར་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། སྤུས་རྟགས་ཆེ་ཤོས”ཀྱི་དམིགས་འབེན་ལ་དམིགས་རྒྱུ་སྔར་ལས་གཏན་འཁེལ་གསལ་བོ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྤེལ་རེས་བྱེད་པའི“རི་བོ་གཉིས”བསྒྱུར་བའི་ལམ་བུའི་སྟེང་བསྐྱོད་དགོས།

སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་བསྒྱུར་བ།

ཅི་ལྟར་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་ལམ་བུ་ཇེ་ཡངས་དང་རྒྱ་སྐྱེད་པ་དང་། འབྲོག་པ་མང་ཚོགས་ཀྱི་དངུལ་ཁུག་སྔར་ལས་ཇེ་ཆེ་དང་། གྲོང་གསེབ་དར་སྤེལ་གྱི་རིན་ཐང་སྔར་ལས་ཆེ་རུ་གཏོང་དགོས་སམ།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་ཉི་མ་ཚེ་རིང་གིས་ཚོགས་རར་འབྱོར་ཐོ་བཀོད་རྗེས། ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་མི་སྣར་ཁ་པར་གྱི་ལམ་ནས་འབྲེལ་གཏུགས་བྱས་ཏེ།“རྩེ་ཁོག་གི་ཕྱུགས་ལས་ཐོན་རྫས”ཟི་ལིང་དུ་ཆེད་དོན་མཚམས་སྦྱོར་བྱེད་པའི་ཚོགས་འདུའི་འབྲེལ་ཡོད་བྱ་བར་མཐུན་སྦྱོར་བྱས། ཉི་མ་ཚེ་རིང་གིས་བཤད་རྒྱུར། སྔོན་ལ་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ལ་ཞུགས་དགོས་པ་དང་། དེའི་འཕྲོར་ཆེད་དོན་མཚམས་སྦྱོར་ཚོགས་འདུར་ཞུགས་དགོས། བྱ་བ་ཆེན་པོ་གཉིས་མཉམ་གཅིག་ཏུ་འཁེལ་བས། རྩེ་ཁོག་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་དུ་བསྐྱོད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་སྡེ་ཁུལ་དུ་ཡོད་པའི“རྩེ་ཁོག་གི་ཕྱུགས་ལས་ཐོན་རྫས”ཐད་ཚོང་ཁང་དུ་རྩེ་ཁོག་གི་ནོར་ལུག་ཤ་དང་། རྩེ་ཁོག་གི་འབྲི་ཞོ། འབྲི་མར། ཆུར་བ་སོགས་ཐོན་རྫས་སྣ་ཚོགས་ཁྲ་ལམ་མེར་བསྒྲིགས་ཡོད་པ་དང་། ལྟ་སྐོར་ལ་ཡོང་མཁན་དང་ཚོང་རྒྱག་མཁན་གྱི་མགྲོན་པོས་བསྟོད་བསྔགས་མང་པོ་ཐོབ།

“རྩེ་ཁོག་རྫོང་གིས་ཁེ་ལས་སྒྲུབ་པ་དང་། ང་ཚོར་ཁོར་ཡུག་དང་ཐོན་ཁུངས་གཉིས་ཀྱི་ལེགས་ཆ་ལྡན་ཡོད། སྲིད་གཞུང་གིས‘རི་བོ་གཉིས’ཀྱི་འདུ་ཤེས་ལག་བསྟར་བྱས་པར་བརྟེན་ནས་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་སྒུལ་ཤུགས་ཐོབ་ཡོད།” རྩེ་ཁོག་རྫོང་གཡང་ལྷ་མ་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགོ་གཙོ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།“སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་རྨང་གཞིར་བྱས་ནས་ལས་གཞིའི་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཚོང་འགུགས་དངུལ་འདྲེན་རྒྱ་སྐྱེད་པ། མཉམ་ལས་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་སྤུས་རྟགས་ཐོན་ལས་སྐྱེད་སྲིང་བྱེད་པ་བཅས་ཀྱི་བྱེད་སྟངས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན་བྱུང་བ་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོའང་དེ་དང་བསྟུན་ནས་འཕར་སྣོན་ཡོང་བ་མངོན་འགྱུར་བྱས།

རྡོ་རྗེ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཀུང་སི་དེས་རྩེ་ཁོག་ནོར་ནག་དང་བོད་ལུག ནས་ཀྱི་ཐོན་ལས་སོགས་སྤུས་ལེགས་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་སྐྱེ་ཁམས་ཁོར་ཡུག་གི་ཁྱད་སྟོབས་ལ་གཞི་ཚུགས་ནས། རྩེ་ཁོག་གི་འབྲི་མོའི་འོ་མའི་འཁྱག་ཞོ་དང་། འོ་ཕྱེ། ནས་ནག་དང་གྲོ་མ།  ཤ་སྐམ།  ཤ་མོ་སེར་པོ་སོགས་ལས་གྲུབ་པའི་ས་ཁོངས་མཚོན་རྟགས་ཀྱི་ཞིང་ཕྱུགས་ལས་སྣོན་ཐོན་རྫས་རིགས15ཞིབ་འཇུག་གསར་བཟོ་བྱས་ཡོད།

གཡང་ལྷ་མ་ནི་ཉེ་བའི་ལོ་ཤས་རིང་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པའི་སྤུས་རྟགས་ཁེ་ལས་ཀྱི་གྲས་ཤིག་ཡིན་ཞིང་།  ཉེ་བའི་ལོ་ཤས་རིང་། རྩེ་ཁོག་རྫོང་གིས་ཡུལ་བབ་དང་བསྟུན་ནས་གཡེར་ཐང་དང་གཡང་ལྷ་མ་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁེ་ལས་ཀྱི་སྤུས་རྟགས་དང་དེ་མིན་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གསོ་སྐྱོང་བྱས་ནས། རྩེ་ཁོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་བཏང་སྟེ། རྩེ་ཁོག་གི་ཁྱད་ལྡན་ཐོན་རྫས་རྩྭ་ཐང་དང་འབྲོག་ཁུལ་ནས་རིམ་བཞིན་ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་ཕྱོགས་སུ་བསྐྱོད་པ་རེད།

ཉི་མ་ཚེ་རིང་གིས་བཤད་རྒྱུར། མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་གནས་པའི་ཕྱུགས་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་ཆ་ནས།  སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་འཕེལ་རྒྱས་ཀྱི་རྟིང་ཤུགས་ཤིག་ཡིན་ཞིང་། ང་ཚོས་ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་དང་ལྗང་མདོག་སྤུས་རྟགས་འཕེལ་རྒྱས་སུ་གཏོང་དགོས་ན། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་ཐབས་ལམ་ཞིག་བཏོད་དགོས་པ་ཡིན་ལ།  དེ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་ཆེད་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཕན་འབྲས་སྔར་ལས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ལ།  ཕྱིར་ལོག་རྗེས་རྩེ་ཁོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་བ་དང་། མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་རྒྱུ་ཡིན་ཟེར།

“རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར”དང་།“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”ནས“ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེ་མཚོན་བྱ་དགའ”དང“བདེ་འཇགས་ཀྲུང་གོ”ཡི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་དང་།  དེ་ནས“ སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྟིང་ཤུགས་དང་ཡིད་ཆེས་སྔར་ལས་ཆེན་པོ་ལྡན་ཡོད།

མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་འཐུས་མི། ཡུས་ཧྲུའུ་གྲོང་ཁྱེར་འབྲོག་མོའི་བཟོ་ཚོང་ཚད་ཡོད་ཀུང་སིའི་མཉམ་ལས་ཁང་གི་ཁྲིམས་མི་པད་མཁའི་ཁྱིམ་ནི་འབའ་ཐང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཉེ་འགྲམ་དུ་གནས་ཡོད། དགུན་དུས་ཡིན་རུང་དེ་གར་སྔར་བཞིན་གནམ་སྔོན་དང་སྤྲིན་དཀར། གངས་རི་བཅས་ཕན་ཚུན་བསྣོལ་མར་གནས་ཡོད་པས། གནས་དེ་ནི་སྡོད་དམངས་ཀྱི་ལུས་སྦྱོང་བྱ་ཡུལ་བཟང་པོར་གྱུར་ཡོད།   འབའ་ཐང་ཆུ་བོའི་ཆུ་སྤུས་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། ཉ་རིགས་ཀྱི་ཐོན་ཁུངས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། ཆུ་སྐྱེས་སྐྱེ་ཁམས་མ་ལག་སླར་གསོ་བྱུང་བ་བཅས་ཀྱིས་དེ་རུ་ཆུ་སྲམ་མང་པོ་མཐོང་ཐུབ་ཅིང་།  ལྷག་པར་དུ་ས་གནས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གྱུར་བས།  ཡུས་ཧྲུའུ་ཡི་གང་སར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།

ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལྟེ་བའི་གྲོང་ཁྱེར་གྱི་ངེས་གནས་ལ་དམ་པོར་དམིགས་ནས།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་པས། གྲོང་ཁྱེར་ཡོངས་ཀྱི་སྔོ་ལྗང་བར་སྟོང་གིས་བཟུང་བའི་བསྡུར་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།  སྐྱེ་ཁམས་སྲུང་ཡོལ་ཉིན་བཞིན་སྲ་བརྟན་དུ་ཕྱིན་པ།  སྐྱེ་ཁམས་བདེ་འཇགས་དང་སྐྱེ་ཁམས་དམངས་ཚིས་ཇེ་ལེགས་སུ་ཕྱིན་ཡོད།  ལྷག་པར་དུ་ལྗང་མདོག་འཕར་སྣོན་དང་ལྗང་མདོག་ལེགས་བཅོས་ཀྱི་བྱ་བ་དམ་འཛིན་བྱས་ནས།  རིམ་པ་གསུམ་པའི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ས་ཁོངས་ཀྱི་གཙང་པོ་དང་མཚེའུ། ནགས་ཚལ། རྩྭ་ཐང་བཅས་ཚང་མར་ཡོངས་སུ་ཁེབས་ཡོད།  རིམ་པ་སོ་སོའི་ཆུ་དཔོན་དང་མཚོ་དཔོན།  ནགས་དཔོན། རྩྭ་དཔོན།  དེ་མིན་སྐྱེ་ཁམས་ལྟ་སྲུང་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  རྩྭ་ཐང་དང་ནགས་ཚལ།  གཙང་བོ། མཚེའུ་བཅས་ཚང་མར་ཆེད་བསྐོས་མི་སྣས་དོ་དམ་དང་ཆེད་བསྐོས་མི་སྣས་འགན་འཁུར་བར་འགན་ལེན་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མ་ལག་འཛུགས་སྐྲུན་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད། སྐྱེ་ཁམས་ཁ་གསབ་ལམ་ལུགས་དོན་འཁྱོལ་ནན་མོ་དང་ཕྱུགས་སྐྱུར་རྩྭ་གསོ་དང་། སྐྱེ་ཁམས་གནས་སྤོའི་ལས་གཞི་རབ་དང་རིམ་པ་ལག་བསྟར་ནན་མོ་བཅས་བྱས་ཡོད།

ད་ལྟ། པད་མཁའ་ཡིས་ཉིན་རེར་ཡུས་ཧྲུའུ་གྲོང་ཁྱེར་གྱི་དེང་རབས་ལྗོངས་གཟིགས་སྟེགས་བུ་ནས་མཛེས་སྡུག་གི་གྲོང་གསར་ལ་ལྟ་བཞིན་ཡོད།  ཁྲོམ་གཞུང་དང་། སྤྱི་གླིང་།  སྡོད་དམངས་ཀྱི་སྒོ་ར་བཅས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ལྗང་རྩི་ཤིང་གང་སར་མཐོང་རྒྱུ་ཡོད།

ན་ནིང་པད་མཁའ་ཡིས་བོད་ཟས་ཟ་ཁང་ཞིག་གཉེར་ཡོད།  ཡུས་ཧྲུའུ་ཡིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བར་དམིགས་ནས།  པད་མཁའ་ཡིས་སྐྱེ་ཁམས་ཕྱུགས་ལས་ཀྱི“རྩེར་སོན་དང་།    སྐྱེ་ལྡན།    ཟོང་རྟགས”བཅས་ཀྱི་འཕེལ་རྒྱས་གནས་བབ་ལ་དམིགས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་སྤུས་ལེགས་རང་བྱུང་སྐྱེ་ལྡན་རྩྭ་སའི་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་དམིགས་ཏེ།   སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་པོ་ཞིག་ཟ་ཁང་ནས་ལོངས་སུ་སྤྱོད་ཐུབ་པ་བྱུང་བར་མ་ཟད། ཁྲོམ་རར་བཏོན་ནས་མིང་གྲགས་གང་སར་ཁྱབ་པར་བརྩོན་བཞིན་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁྲི་ཀ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀུན་བཟང་སྒྲོལ་མས་བཤད་རྒྱུར།   སྲིད་གྲོས་ཨུ་ཡོན་ནི་གཟི་བརྗིད་ཅིག་ཡིན་ལ། འགན་འཁྲི་ཞིག་ཀྱང་ཡིན། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་རྗེས། ང་ལ་སྐུལ་མ་ཆེན་པོ་ཐེབས། སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་ལག་བསྟར་བཟང་པོ་བྱས་ཏེ། རང་འགན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་ཡིད་ཆེས་ཡོད་པར་གྱུར་ཟེར།

གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཀུན་བཟང་སྒྲོལ་མས་དོ་སྣང་བྱེད་ཀྱིན་པ་ནི་སྨན་བཅོས་འགན་སྲུང་གི་གནད་དོན་ཡིན།  གྲོས་ཚོགས་གཉིས་མ་འཚོགས་པའི་སྔོན་ལ།  ཁོ་མོ་སྨན་བཅོས་འགན་སྲུང་གི་ལས་ཡུལ་དང་པོར་བསྐྱོད་ཅིང་བརྟག་ཞིབ་བྱས་ཏེ་གྲོས་གཞི་གཉིས་གྲ་སྒྲིག་བྱས་ཡོད། གྲོས་གཞི་དང་པོ་ནི་བོད་སྨན་དང་དེའི་སྡེབ་སྦྱོར་སྔར་ལས་མང་པོ་སྨན་བཅོས་འགན་སྲུང་གི་ཁྲོད་དུ་བཞག་སྟེ་རྩིས་ཞུའི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན།

ཁོ་མོས་བཤད་རྒྱུར། རྫོང་རིམ་པའི་སྨན་བཅོས་སྡེ་ཁག་དང་ཡུལ་ཚོ། གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་བའི་འཕྲོད་བསྟེན་ཁང་ཚང་མས་ཡུལ་ཁོངས་མང་ཚོགས་ལ་བོད་སྨན་གྱི་ཞབས་འདེགས་ཞུ་བཞིན་ཡོད་མོད། འོན་ཀྱང་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྨན་བཅོས་སྡེ་ཁག་ཏུ་བོད་སྨན་དང་དེའི་སྡེབ་སྦྱོར་སྨན་བཅོས་འགན་སྲུང་གི་མིང་ཐོའི་ནང་དུ་ཚུད་ཡོད་པའི་སྣ་ཁ་ཤིན་ཏུ་ཉུང་། ཁྲི་ཀ་རྫོང་མི་དམངས་སྨན་ཁང་ལ་མཚོན་ནས་བཤད་ན། ནད་ཐོག་ལག་ལེན་ཁྲོད་བཀོལ་བཞིན་པའི་བོད་སྨན་བསྡོམས་པས་སྣ་ཁ92ཡོད་ལ། དེའི་ཁྲོད་དུ་སྨན་བཅོས་འགན་སྲུང་གི་རྩིས་ཞུ་བྱེད་ཆོག་པའི་སྣ་ཁ19ལས་མེད།

ཁོ་མོས་བོད་སྨན་དང་དེའི་སྡེབ་སྦྱོར་སྨན་བཅོས་འགན་སྲུང་གི་མིང་ཐོའི་ནང་དུ་འཇོག་པའི་སྣ་ཁ་སྔར་བས་ཇེ་མང་དུ་བཏང་སྟེ། ཞིང་ཆེན་ཡོངས་སུ་བོད་སྨན་སྡེབ་སྦྱོར་ཁང་མེད་ནའང་ཀྲུང་བོད་སྨན་གྱི་ཞབས་འདེགས་ཞུ་བཞིན་པའི་རྫོང་རིམ་པའི་སྨན་ཁང་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་བའི་འཕྲོད་བསྟེན་ཁང་སོགས་ཀྱི་སྨན་བཅོས་སྡེ་ཁག་ཏུ་བོད་སྨན་སྨན་བཅོས་འགན་སྲུང་རྩིས་ཞུའི་ཁྱབ་ཁོངས་སུ་བཞག་ནས། བོད་སྨན་དང་དེའི་སྡེབ་སྦྱོར་རྩིས་ཞུ་བྱེད་པའི་བསྡུར་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། མི་དམངས་མང་ཚོགས་ལ་སྨན་བཅོས་འགན་སྲུང་བཅོས་བསྒྱུར་གྱི་ཁེ་ཕན་ངོ་མ་རེག་ཏུ་འཇུག་དགོས་པའི་གྲོས་གཞི་བཏོན།

ཀུན་བཟང་སྒྲོལ་མའི་གྲོས་གཞི་གཞན་པ་དེ་ནི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་གཅིག་འདོམས་གྲོན་དངུལ་མེད་པར་བཟོ་མི་རུང་བ་དེ་ཡིན། མོས་བཤད་རྒྱུར། ལོ་མཇུག་ཏུ་སྒོ་བསྟེན་རྩིས་ཞུའི་གཅིག་འདོམས་གྲོན་དངུལ་མེད་པར་བཟོ་བ་དེས། ནད་མེད་རུང་སྨན་ཉོ་བའི་སྣང་ཚུལ་བཟོས་ཡོད་པས། སྨན་བཅོས་འགན་སྲུང་ཐེབས་རྩ་ཆུད་ཟོས་སུ་གཏོང་བཞིན་ཡོད་པ་རེད། མོས་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་གཅིག་འདོམས་གྲོན་དངུལ་ལ་ལོ་དེར་མེད་པར་མི་བཟོ་བར་ལོ་རྗེས་མིའི་སྒེར་གྱི་རྩིས་ཐོའམ་ཁྱིམ་ཚང་གི་རྩིས་ཐོ་ནང་དུ་བསགས་ཆོག་པར་བྱས་ཏེ། སྨན་བཅོས་ཐོན་ཁུངས་གོ་ཆོད་སྒོས་བེད་སྤྱོད་བྱེད་དུ་འཇུག་དགོས།  མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྤྲོད་པའི་ཚད་གཞི་རིམ་པ་བགར་ནས། ཞིང་སྡེའི་ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་མ་མཐའི་སྨན་བཅོས་ལ་འགན་སྲུང་ནུས་ལྡན་ཐོབ་ཏུ་འཇུག་དགོས་པའི་གྲོས་གཞི་བཏོན།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ། སྒྲོལ་མ་སྐྱིད།