མཚོ་བྱང་འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་གླེང་བ།
2024.01.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

 ཟླ1པོའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཚོས་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་ཏན་བྱས།  གྲོས་བསྡུར་ཁྲོད། འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད་ལ། གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་བྱ་བའི་བསམ་ཕྱོགས་གསལ་བ། དམིགས་འབེན་གཏོད་ས་གནད་ལ་འཁེལ་བ་བཅས་བྱས་ཡོད་པས། དེ་ནི་ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་སྙན་ཞུ་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱས་པར་མ་ཟད། བྱ་བའི་སྙན་ཞུ་ལ་དམིགས་ཏེ་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་གང་བསམ་ལྷུག་པོར་བརྗོད་པ་དང་ལྷག་བསམ་ཟོལ་མེད་ཀྱིས་བསམ་བློ་བརྗེ་རེས་བྱས་ཤིང་། སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་ཏེ་བསམ་འཆར་དང་གྲོས་གཞི་བཏོན།

འཐུས་མི་ལིག་ཁྲའོ་ཡིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་གསར་པ་དང་བསྟུན་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་གསར་པར་དམིགས་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་བཏབ་ཡོད་པས། དར་ཆ་མཐོན་པོར་སྒྲེང་བ་དང་ཡིད་ཆེས་འཕེལ་བ། དངོས་ཐོག་བདེན་འཚོལ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ལ། ང་རང་ཡོངས་སུ་མོས་མཐུན་ཡོད་དེ། གཅིག་ནས་གྲུབ་འབྲས་འདི་ལྟ་བུ་ཞིག་ལས་སླ་པོར་ཐོབ་པ་ཞིག་མིན། འདས་པའི་ལོ་གཅིག་གི་རིང་ལ། དོན་ཆེན་དང་དོན་དག་གལ་ཆེན་སྣོལ་མར་གནས་པ་དང་། བྲེལ་མྱུར་ཆེ་བ་དང་དཀའ་གནད་ཆེ་བ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ།  མཁྲེགས་གཏོར་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱིས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་བྱུང་ནས་བཟང་ཕྱོགས་སུ་འཕེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་སྤོས་ཡོད། བདེ་འཇགས་མཚོ་སྔོན་གྱི“གཅིག་ཅན་བཅུའི”བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས།   ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད།  དེ་དང་ཆབས་ཅིག “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་སྲོལ་བཟང་དར་སྤེལ་བཏང་སྟེ་ལས་སྒྲུབ་ལས་གཏོད་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་རིམ་བཞིན་ཆགས་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གཉིས་ནས་ལས་འགན་གྱིས་མི་རྣམས་མདུན་དུ་བསྐྱོད་པར་སྐུལ་ལྕག་བཏང་ཡོད། མིག་སྔར་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་དང་རྒྱལ་ཁབ་ས་ཆའི་བདེ་འཇགས་གནས་བབ། ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་གནས་བབ་བཅས་སྔར་ལས་མངོན་གསལ་དུ་ཕྱིན་པ་དང་། ནུས་རྒྱུ་གཙང་མའི་ཁྱད་སྟོབས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་ཀྱི་ཁྱད་སྟོབས་མགྱོགས་མྱུར་སྒོས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་སྒྱུར་ནས། མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ནས་ཁྱོན་ཡོངས་ནས་འཆར་འགོད་དང་། ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་ཞུ། ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ལོ་རྒྱུས་ཀྱི་རང་འགུལ་དང་ཡངས་ཤིང་རྒྱ་ཆེ་བའི་འཐབ་ཇུས་ཀྱི་ལྟ་བ། ཞིབ་ཚགས་ཡིན་ཞིང་བརྒྱུད་རིམ་ལྡན་པའི་བསམ་གཞིགས། གཏིང་ཟབ་པའི་འགན་འཁྲི་འཁུར་སེམས་བཅས་མངོན་ཡོད། སྲིད་གཞུང་བྱ་བའི་སྙན་ཞུའི་ནང2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཀོད་སྒྲིག་བྱས་པ་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཡོད། ང་ཚོས་མཁྲེགས་གཏོར་དཀའ་སེལ་དང་དངོས་སྒྲུབ་དོན་གཉེར། སྒྲུབ་ཕོད་ལེགས་སྒྲུབ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཚང་མ་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཟེར།

འཐུས་མི་ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཕྱོགས་སྡོམ་བྱས་པའི་གྲུབ་འབྲས་དོན་དངོས་དང་མཐུན་ཞིང་། བྱ་བའི་བཀོད་སྒྲིག་ཚན་རིག་དང་མཐུན་པ། མི་རྣམས་ལ་སྐུལ་ལྕག་ཐེབས་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་བས།  ང་ཚོས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”ལ་དམིགས་ནས2024ལོའི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་གཞི་སོ་སོ་འཆར་འགོད་ནན་ཏན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་ཁུར་བློ་གཅིག་སེམས་གཅིག་གིས་ཁུར་ཏེ་སྤུས་ཚད་མཐོན་པོའི་སྒོ་ནས་མཚོ་སྔོན་པོ་དང་མདོ་ལ་རི་བོའི“རྒྱལ་ཁབ་སྤྱི་གླིང་གཉིས”བསྐྲུན་རྒྱུར་སྐུལ་འདེད་བཏང་ནས།  ཆི་ལེན་རྫོང་གི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།  ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། “ནོར་གནག་ཁྲི་དང་བོད་ལུག་ཁྲི”ཡི་གསོ་སྤེལ་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།   ནོར་ལུག་གི་མགོ་རུས་དང་རྭ་ཅོ། ཀོ་བ་དང་པགས་པ། བལ་དང་ཁུ་ལུ་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ལྗོངས་ཁུལ་གང་མགྱོགས་སྒོས་བསྐྲུན་ནས། མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ།    རྒྱུན་རྣམ་ཅན་གྱི“སྤུས་རྟགས་ཆེ་གྲས་བཞིའི”འགྲན་བསྡུར་སྤེལ་དགོས།   མཚོ་བྱང་གི་སྙིང་སྟོབས་ཀྱི་མཐོ་ས་བསྐྲུན་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་པ། 221རྟེན་གཞིའི་གནའ་ཤུལ་རིག་དངོས་སྔོག་འདོན་དང་སྲུང་སྐྱོབ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བ། སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་། ཁུལ་མངའ་ཁོངས་ཀྱི་ནུབ་མཚོ་ཅུན་སོགས་གནའ་མཁར134ཡི་རྗེས་ཤུལ་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པོར་བཤད་དགོས་ཟེར།

འཐུས་མི་ཀྲང་ཧྲིང་ཡོན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ནི་ཀྲུང་དབྱང་གི་དགོངས་དོན་ཡོངས་སུ་ཁྱབ་པར་བྱས་ནས་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་དང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ལ་མཐོང་ཆེན་དང་འཕེལ་རྒྱས་དོན་གཉེར།  དམངས་ཚིས་ལ་ཕན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། ང་ཚོས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་འབེན་ལ་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཏེ། གཅིག་ནས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས“མཐོ་ས་གཅིག་དང་སྤྱི་གླིང་གཉིས”ནུས་ཤུགས་ཡོད་རྒུས་བཏོད་དེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་མཚོ་བྱང་གི་འགན་འཁྲི་འཁུར་དགོས། གཉིས་ནས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་དང་གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ།  གསར་བརྗེའི་ཉམས་ཞིབ་རྒྱ་ཁྱབ་ངང་སྤེལ་བ་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  “མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི”སྤུས་རྟགས་ཀྱི་སྙན་པ་སྔར་ལས་མཐོ་རུ་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ཆེད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས། གསུམ་ནས་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བོད་ལུག་དང་ནོར་གནག་མཁོ་འདོན་རྟེན་གཞི་བསྐྲུན་ཏེ། སྤུས་ལེགས་ནས་དང་ལོག་དཀར་སོན་བཟང་གསོ་སྤེལ་རྟེན་གཞི་མགྱོགས་མྱུར་ངང་སྐྲུན་ནས།  སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“སོན་བཟང་རྒྱུད་སྤེལ་དང་སྤུས་ཚད་བརྟན་པོ།  སྤུས་ཚད་མཐོར་གཏོང་། འདྲེན་ཚད་རྒྱ་ཆེར་གཏོང་བ་། ཕན་འབྲས་ཆེར་གཏོང་བཅས”ཀྱི་བྱ་བ་ཡག་པོར་བསྒྲུབ་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས། བཞི་ནས་འོད་ནུས་དང་རླུང་ནུས། ཆུ་ནུས་སོགས་ནུས་རྒྱུ་གཙང་མའི་ཁྱད་སྟོབས་འདོན་སྤེལ་བྱས་ནས། ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་བསྐྲུན་པའི་ཐད་ཧུར་ཐག་གིས་སྣེ་ཁྲིད་དང་བྱས་རྗེས་བཞག་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

འཐུས་མི་ཀི་ཝུན་ཕེན་གྱིས་བཤད་རྒྱུར།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་རྗེས། ཧྲིན་ཀྲང་གིས་ན་ནིང་གི་བྱ་བར་ཕྱོགས་སྡོམ་དང་ད་ལོའི་བྱ་བ་བཀོད་སྒྲིག་བྱས་པར་མོས་མཐུན་ཡོད་ལ། གཤམ་ནས་མྱོང་ཚོར་ཕྱོགས་གསུམ་ཡོད་དེ། གཅིག་ནི་ཞིང་ཆེན་སྲིད་གཞུང་གི་བྱ་བར་བརྟན་ཐོག་ཡར་འཕེལ་དང་གྲུབ་འབྲས་གཟེངས་སུ་ཐོན་ཡོད། ན་ནིང་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ཞིང་། ཞིང་ཆེན་སྲིད་གཞུང་གི་ལས་འགན་སོ་སོར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ཅིང་། སྔོན་བཀོད་དམིགས་འབེན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད5.3%ལ་སླེབས་ནས་རྒྱལ་ཡོངས་ཀྱི་ཨང16པར་སླེབས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་མ་ཟད། ནོར་ཤུགས་མི་འདང་བའི་གནས་ཚུལ་འོག་གཞི་རིམ་གྱི“འགན་ལེན་གསུམ”ཇེ་ཉུང་དུ་མི་འགྲོ་བ་བཅས་བྱས་པས།  ན་ནིང་གི་བུ་ལོན་འགན་འཇལ་ལས་འགན་ལེགས་གྲུབ་བྱུང་ཞིང་གྲུབ་འབྲས་དེ་ནི་ལས་སླ་མོར་བྱུང་བ་ཞིག་མིན། གཉིས་ནི་ལོ་གསུམ་གྱི་རིམས་ནད་རྗེས་སུ་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་ཕྱིན་པ་དང་། “གནས་བཞི་འཛུགས་སྐྲུན་བྱེད་པར”གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་དང་གོ་རིམ་ལྡན་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་ཕན་ཚུན་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་ཕྱིན་ནས། མི་དམངས་མང་ཚོགས་ཀྱིས་ཞིང་ཆེན་སྲིད་གཞུང་གི་བྱ་བར་ཁས་ལེན་བྱེད་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། གསུམ་ནི2024ལོའི་བྱ་བར་བཀོད་སྒྲིག་བྱས་པ་ཁྱོན་ཡོངས་དང་ཞིབ་ཕྲ་ཡིན་ཞིང་། དོན་དངོས་དང་མཐུན་པས། ང་ཚོས་ཞིང་ཆེན་གྱི་ཁྱད་ཆོས་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་ནས་ཐོན་ཁུངས་དང་ནུས་རྒྱུའི་ཁྱད་སྟོབས་འདོན་སྤེལ་དང་གོ་སྐབས་སྟངས་འཛིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“དོན་འཁྱོལ་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ།  “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཟེར།

འཐུས་མི་ཀྲང་ལེ་ཡིས་བཤད་རྒྱུར། ད་ལོར་ཐོག་དང་པོར་དམངས་ཆེན་འཐུས་མིར་བདམས་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ནན་ཏན་སྒོས་ཉན་ལ། སྙན་ཞུར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། སྲིད་ཇུས་རང་བཞིན། ལག་ལེན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པའི་མྱོང་ཚོར་བྱུང་བས། ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གང་ལེགས་སྒོས་མཚོན་པ་དང་། འཕེལ་རྒྱས་ཀྱི་དམིགས་འབེན་བཏོན་པ་དེ་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་། བརྟན་ཐོག་ཡར་འཕེལ་དང་དཀའ་སྒྲོལ་མདུན་སྐྱོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་འཁུར་སེམས་མངོན་ཡོད། ང་ཚོས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགན་འཁྲི་འཁུར་བའི་བརྒྱུད་རིམ་ཁྲོད་སེམས་ཤུགས་ཡོད་རྒུས་བྱ་བ་ཡག་པོར་བསྒྲུབ་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས་པ་དང་། ལོ་གཅིག་ལ་གཅིག་མཐུད་དེ་བྱ་བ་སྒྲུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།