ད་ལོའི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང“འགན་སྲུང་ལ་ཤུགས་སྣོན་དང་ཉེན་ཁ་སྔོན་འགོག་བྱེད་པར་དམིགས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མཐའ་ཚད་ཀྱི་བསམ་གཞིག་དང་ཚད་བརྒལ་གྱི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གཅིག་ཅན་བཅུའི་ལས་དོན་གཏིང་ཟབ་ཏུ་སྤེལ་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས་ཞེས་བཏོན་ཡོད།
ནུས་ཁུངས་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་དམ་འཛིན་ལེགས་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྙན་ཞུའི་ནང་དུས་རབས་གསར་པར་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ཐད་ཀྱི་དགོས་མཁོ་སྔར་ལས་སྣ་མང་ཅན་དུ་འགྱུར་བའི་དོན་དངོས་ལ་དམིགས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐད་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་བཀོད་སྒྲིག་བྱས་པ་དེ། འཐུས་མི་དང་ཨུ་ཡོན་ཚོས་གྲོས་སྡུར་བྱེད་པའི་གླེང་གཞི་གཙོ་བོར་གྱུར་ཡོད།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གི་འགོ་གཙོ་སྒྲོལ་མ་མཚོ་ཡིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། ཁྲིམས་ལྟར་དུས་ཐོག་ཏུ་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱེད་པ། གྲོང་གསེབ་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད། དངོས་སྒྲུབ་ཀྱི་བྱེད་ཐབས་དེ་དག་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ལག་ལེན་ཞིག་ཀྱང་ཡིན། མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཞིག་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་མཐའ་མའི་འགོག་ ར་ཞིག་ཡིན་པས། ཇི་ལྟར་བྱས་ནས་དྲང་གཞག་དང་ལས་ཕྱོད་དེ་འདྲི་གཅོད་ལག་བསྟར་ལས་དོན་ཁྲོད་དོན་འཁྱོལ་བྱེད་རྒྱུ་ནི་འདྲི་གཅོད་ལས་དོན་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན། ཁྲིམས་འཛིན་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། སྤུས་ལེགས་དང་ཕན་འབྲས་ཆེ་བའི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱེད་པ་དང་། མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མང་ཚོགས་ཀྱི་བསམ་ཚུལ་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱི་སྐད་ཆ་བཤད་པ། མང་ཚོགས་ཀྱི་བསམ་ཚུལ་གསེད་འགྲོལ་བྱེད་པ། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། དྲང་གཞག་དང་ལས་ཕྱོད་ཆེ་བའི་འདྲི་གཅོད་བྱེད་པ་བཅས་བྱས་ནས། ཉམས་ཞན་ཚོགས་སྤྱི་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། ་མི་དམངས་མང་ཚོགས་ལ་མི་དམངས་ཁྲིམས་འཛིན་གྱི་དྲོ་ཁོལ་དང་། སེམས་བདེ། བློ་བདེ་བཅས་ཚོར་དུ་འཇུག་དགོས་ཟེར།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཀྲང་ཡོན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་དང་ཞིབ་ཕྲའི་བླང་བྱ་རབ་དང་རིམ་པ་བཏོན་པ་དེས། སྤྱི་བདེའི་ལས་དོན་སྔར་ལས་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མིག་སྔར་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ལ་རེ་སྒུག་དང་རེ་བ་བྱེད་པ་དེ་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁོ་ན་མ་ཡིན་པར་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བཞིན་ཡོད་པས། ལས་བདེ་སྡོད་བདེ་དང་། བདེ་སྐྱིད་སེམས་བདེ་སོགས་ཕྱོགས་ཡོངས་ལ་ཁྱབ་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་འཚམ་པར་བྱས་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་འགོག་ར་སྲ་བརྟན་དུ་བཏང་ཚེ། གཞི་ནས་བདེ་འཇགས་མཚོ་སྔོན་གྱི་རྨང་གཞི་སྔར་ལས་ཇེ་དྲག་ཏུ་གཏོང་ཐུབ། སྤྱི་ཚོགས་བརྟན་བརླིང་དང་། དཔལ་འབྱོར་འཕེལ་རྒྱས། མང་ཚོགས་བདེ་འཇགས་བཅས་ཀྱི་འབུར་ཐོན་གནད་དོན་ལ་དམ་པོར་དམིགས་པ་དང་། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང་”གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བ། རང་འགུལ་ངང་ཉེན་རྟོག་ལས་དོན་དང་། ཁྲིམས་སྐྱོང་ཉེན་རྟོག་ལས་དོན། དམངས་ཚིས་ཉེན་རྟོག་ལས་དོན་བཅས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་དང་སྲུང་སྐྱོབ་པ་ཡག་པོ་ཞིག་བྱེད་དགོས་པ་ཆབས་ཅིག མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་དྲ་རྒྱའི་མགོ་བསྐོར་འགོག་ཟོན་དང་རྡུང་རྡེག་གཏིང་ཟབ་ཏུ་གཏོང་བ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་འཐུས་ཚང་དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲིན་ཆུང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ནས། འཕྲལ་སྡོམ་བཀོད་འདོམས་དང་། དངོས་ཟོག་འགན་སྲུང་། ཉེན་སེལ་རོགས་སྐྱོབ་བཅས་ཀྱི་མ་ལག་སྟོབས་ཆེར་གཏོང་བ་དང་། ས་ཡོམ་དང་ཆུ་ལོག ཐན་སྐམ། ས་གཤིས་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་པ་དེས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཆུ་ལོག་གི་གནོད་འཚེ་འགོག་བཅོས་ནུས་པ་ཆེ་རུ་གཏོང་བ་དེ། གནོད་འགོག་གི་འགག་སྒོ་དམ་སྲུང་ལ་སྐུལ་འདེད་གཏོང་བ་དང་། གནོད་འཚེ་ཉུང་གཏོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཚད་ངེས་ཅན་ཞིག་གི་ཐོག་ནས་སྲུང་སྐྱོབ་བྱེད་པ་བཅས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་འཐུས་ཚང་དུ་བཏང་ནས། ལྟ་ཞིབ་ཚད་ལེན་ས་ཚིགས་དེ་རི་ཁུལ་གྱི་གནོད་འཚེ་འབྱུང་སླ་བའི་གནས་སུ་བཙུགས་ནས། ཆུ་ལོག་གི་གནོད་འཚེའི་ཉེན་ཟོན་སྔོན་བརྡ་གཏོང་བར་གཞི་གྲངས་ཡང་དག་མཁོ་འདོན་བྱེད་པ་དང་། གནོད་འཚེའི་མི་མངོན་པའི་རྐྱེན་ངན་འབྱུང་ཡུལ་གྱི་གཞི་གྲངས་དང་གནམ་གཤིས་ཞིབ་ཕྲ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་དངོས་སོགས་ཁྱོན་ཡོངས་ནས་བསྡུ་སྒྲིལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་བཀོལ་སྤྱོད་གཏིང་ཟབ་བྱས་ནས། ཉེན་ཟོན་ཉེན་བརྡའི་ལས་དོན་དང་གནོད་འགོག་གནོད་སེལ་ལས་དོན་གྱི་གནད་འཁེལ་རང་བཞིན་དང་དུས་ཐོག་རང་བཞིན་ཆེ་རུ་གཏོང་དགོས་པ་དང་ཆབས་ཅིག ཆུ་ལོག་གི་གནོད་འཚེའི་ཉེན་ཟོན་སྔོན་བརྡ་གཏོང་བའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ཉེན་ཟོན་སྔོན་བརྡ་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་སྲིད་འགན་འཁུར་བ་གཙོ་བོ་དང་སྡེ་བའི་ཞོད་འགོག་འགན་འཁུར་བར་ཁྱབ་པར་བྱས་ཏེ། ཉེན་ཟོན་སྔོན་བརྡ་དེ་མཇུག་མཐའི་སྤྱི་ལེ་གཅིག་ལ་དོན་འཁྱོལ་བྱེད་ཐུབ་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནུབ་རྒྱུད་གཏེར་ཁུལ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཀུང་ཅན་ཧྭ་ཡིས་སྲིད་གཞུང་བྱ་བའི་སྙན་ཞུར་སློབ་སྦྱོང་ནན་ཏན་བྱས་རྗེས་བཤད་རྒྱུར། གཏུག་བཤེར་ཡོང་ཁུངས་བཅོས་སྐྱོང་ནི་དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”གི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་ནས། དུས་རབས་གསར་པའི་རང་འགུལ་ཁྲིམས་འཛིན་གྱི་འདུ་ཤེས་ལག་བསྟར་བྱེད་པར། ལག་ལེན་གྱི་བླང་བྱ་བཞི་ལ་གཞི་ཚུགས་དགོས་པ་སྟེ། སྔོན་འགོག་ལ་གཞི་ཚུགས་ནས་དུས་ཐོག་ཏུ་ཁྲིམས་འཛིན་ཐོན་ཁུངས་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་རྩོད་གཞིའི་རིགས་དང་། ཁྱད་ཆོས། འཕེལ་ཕྱོགས་བཅས་ལ་གཞི་གྲངས་ཆེན་པོས་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཉེན་བརྡ་གཏོང་དགོས་པ་དང་། དམིགས་སའི་རང་བཞིན་གྱི་བྱ་བའི་གྲོས་གཞི་བཏོན་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ངང་ཇུས་ཐག་གཅོད་རྒྱུར་ཞབས་འདེགས་ཞུ་བ་དང་། འདུམ་འགྲིག་ལ་གཞི་ཚུགས་ནས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་ནུས་བསྒྲུབ་པར་མཛུབ་སྟོན་བྱས་ཏེ། འགལ་བ་དང་རྩོད་གཞི་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་ལ་གཞི་ཚུགས་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་སྔོན་འགོག་དང་ཐག་གཅོད་བྱེད་སྟངས་དེ་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་བཞག་ནས། སྔོན་ལ་འདུམ་འགྲིག་དང་གཏུག་བཤེར་རྗེས་མི་ཆོད་པའི་རྩོད་གཞི་ཐག་གཅོད་བྱེད་པའི་རྣམ་པ་ཞིག་ཆགས་པ་བྱེད་པ། གཞི་རིམ་ལ་གཞི་ཚུགས་ནས་ས་གནས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་སྦྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་མིག་ཅན་གྱི་དོ་དམ་མི་སྣ་དང་དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་ནུས་པ་འདོན་སྤེལ་བྱས་ནས་འགལ་བ་གཞི་རིམ་དུ་སེལ་བ་བཅས་བྱེད་དགོས་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།