མི་རིགས་བསྐྱར་དར་འབྱུང་དགོས་ན། གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་དཀར་ཡུལ་ཚོ་ཁོད་ཁྱིམ་སྡེ་བས་ཏང་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་གཙོ་ཁྲིད་ཡིན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་སྤེལ་གྱི་གནད་འགག་ཏུ་བརྩིས་ཐོག ས་གནས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས། གྲོང་གསེབ་ཀྱི་དངོས་ཡོད་ལ་འཚམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས།
ཁོད་ཁྱིམ་སྡེ་བ་ནི་དཔེ་མཚོན་ཅན་གྱི་ཕྱུགས་ལས་སྡེ་བ་རྐྱང་རྐྱང་ཞིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་མེད་པས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་ཡོད། ཕྱུགས་ཟོག་གི་རིགས་དོ་མཉམ་མིན་པ་དང་ཕྱུགས་རྒྱུད་ཉམས་པ་སོགས་ཀྱི་དབང་གིས། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཡུན་རིང་བོར་འཕར་སྣོན་མེད་པར་ལུས་ཡོད།
ཉེ་བའི་ལོ་ཤས་རིང་། གོང་རིམ་ཏང་རྩ་འཛུགས་ཀྱིས་མཛུབ་སྟོན་བྱས་མཐར། ཁོད་ཁྱིམ་སྡེ་བས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། སྡེ་སྟོབས་དམངས་ཕྱུག་གི་ལམ་བུ་འཚོལ་ཞིབ་བྱས། སྡེ་བའི་ཏང་ཀྲི་པུའུ་དང་མཉམ་ལས་ཁང་གི་སྣེ་ཁྲིད་འོག སྐྱེ་ཁམས་ཕྱུགས་ལས་ཐོན་ལས་མཉམ་ལས་ཁང་བཙུགས་པ་དང་། སྐྱེ་ཁམས་གསོ་སྤེལ་བྱེད་སྟངས་ནང་འདྲེན་བྱས་ཏེ། སྲོལ་རྒྱུན་གསོ་སྤེལ་བྱེད་ཐབས་དེ་སྐྱེ་ཁམས་གསོ་སྤེལ་བྱེད་ཐབས་སུ་བསྒྱུར་བར་སྐུལ་འདེད་བྱས། 2019ལོར། ཁོད་ཁྱིམ་སྡེ་བས་ཀྲུང་དབྱང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་བྱས་པའི་ལས་གཞི་མ་དངུལ་སྒོར་མོ་འབུམ་ལྔ་མཉམ་ལས་ཁང་ལ་བཞག་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད།
ཁོད་ཁྱིམ་སྡེ་བས་ཀྲུང་དབྱང་ནོར་སྲིད་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་དང་རྒྱ་བསྐྱེད་པའི་མ་དངུལ་བེད་སྤྱད་དེ། ཡུལ་དང་བསྟུན་ནས་ནོར་གནག་ཉོས་ཏེ་གཙོ་ཁྲིད་ཐོན་ལས་དང་གསོ་སྤེལ་གྱི་གཞི་ཁྱོན་ཡང་རྒྱ་བསྐྱེད། མིག་སྔའི་བར་དུ། ལས་གཞིའི་ཡོང་སྒོ་རིམ་བསགས་ཀྱིས་སྒོར་མོ་འབུམ་གསུམ་དང་ཁྲི་བཞི་ཡོད་པ་དང་། ལོ་རེར་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་གཅིག་ཡོད་པ་རེད། འབྲོག་པའི་མ་རྐང་ལྟར་ཁེ་སྤོགས་བགོ་བཞིན་ཡོད་ཅིང་མ་རྐང་མང་པོ་བཞག་ཚེ་ཁེ་སྤོགས་ཀྱང་མང་པོ་ཡོད།
གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པའི་ཁྲོད། ཁོད་ཁྱིམ་སྡེ་བ་གྲོང་གསེབ་བཅོས་སྐྱོང་གི་སྔོན་སྐྱོད་སྡེ་བ་དང་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར་བསྒྱུར་བ་དང་། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དེ་གྲོང་གསེབ་དར་སྤེལ་གྱི་འདེགས་སྐྱོར་གཙོ་བོར་གྱུར་ཡོད་ཅེས་ཁོད་ཁྱིམ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་མཉམ་ལས་ཁང་གི་མགོ་གཙོ་དགེ་ལེགས་དཔལ་བཟང་གིས་བཤད་བྱུང་།
ཁོད་ཁྱིམ་སྡེ་བས་གྲོང་གསེབ་དར་སྤེལ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་དང་ཚན་རིག་གིས་དོ་དམ་བྱེད་པ། ཐོན་ལས་གཅིག་སྡུད་བྱེད་པ་ཡི་ལས་གཉེར་ཁ་ཕྱོགས་ལྟར། སྡེ་བའི་ད་ཡོད་ཀྱི་དཔལ་འབྱོར་ཕན་འབྲས་ལེགས་པའི་མཉམ་ལས་ཁང་སྟེགས་བུར་བརྩིས་ཏེ། ཚོང་རའི་དགོས་མཁོ་དང་མཐུན་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཅན་དུ་དོ་དམ་བྱེད་པར་སྐུལ་འདེད་བྱས།
དུས་མཚུངས་སུ། ཁོད་ཁྱིམ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྲུན་གྱི་འཕེལ་རྒྱས་མ་དཔེ་བརྒྱུད། རྩ་འཛུགས་འཛུགས་སྐྲུན་དང་ཕྱུགས་ལས་ཐོན་ལས། ཁོར་ཡུག་སྲུང་སྐྱོབ། རིག་གནས་མཐུན་འབྲེལ། བརྟན་སྲུང་མཉམ་འགོག་སོགས་འབྲེལ་བ་ལྔ་ཡི་ནང་དོན་ལ་དམིགས་ཏེ། ཞབས་ཞུ་བྱ་བ་སྣ་ཚོགས་ཧུར་ཐག་གིས་སྤེལ།
དགེ་ལེགས་དཔལ་བཟང་གིས་བཤད་རྒྱུར། རྗེས་ཕྱོགས། ཁོད་ཁྱིམ་སྡེ་བ་ཁྱད་ལྡན་གྱི་ཐོན་ཁུངས་རང་བཞིན་གྱི་ལམ་དུ་སྐྱོད་པ་དང་། ཁྱད་ལྡན་ཐོན་ལས་དང་ད་ཡོད་ཐོན་ཁུངས་ཀྱི་རྨང་གཞིའི་ཐོག ཕྱུགས་ལས་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་སོགས་ཀྱི་ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་དང་། ཡོང་སྒོ་ཇེ་མང་དུ་གཏོང་བ་དང་སྦྲགས། ཆེད་ལས་འཇོན་མི་ཧུར་ཐག་གིས་གསོ་སྐྱོང་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་ཐག་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་མང་པོ་ཞིག་གི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།