སྨར་ཁོག་ཆུ་འགྲམ་གྱི་འཆམ་མཐུན་སྣང་ཚུལ།
2024.02.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ཁྱིམ་ཚང་དུ་ཁྲིམས་ལུགས་སྒྲོག་བཞིན་པ།

ཉེན་རྟོག་པས་མང་ཚོགས་ཀྱི་རྩོད་གླེང་འདུམ་སྒྲིག་བྱེད་བཞིན་པ།

དགུན་དུས་ཀྱི་སྨར་ཁོག་ཆུ་འགྲམ་གྱི་སྤྱི་ལེ་གྲུ་བཞི་མ་སྟོང་དྲུག་ལྷག་གི་ས་གཞིའི་སྟེང་དུ། སྔར་ལས་འཆམ་མཐུན་དང་ལྷིང་འཇགས་ཀྱི་ངང་ཚུལ་ཞིག་མངོན་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ལྕགས་རི་ཐང་ཡུལ་ཚོ་རྡོ་རུ་མ་སྡེ་བའི་རྒན་པོ་འོད་ཟེར་གྱིས་ད་ལྟའི་བདེ་འགོད་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་མཐོང་རྗེས། བདེ་འཇགས་འཛུགས་སྐྲུན་བྱས་པའི་ཚུན་དུ་པད་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་མྱོང་ཚོར་སྐྱེས།

ཉེ་ལམ། གསར་འགོད་པ་མཚོ་སྔོན་ཞིང་ཆེན་གྱི“དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”སྟེ་རྡོ་རུ་མ་སྡེ་བར་སོང་བ་ན། སྡེ་མི་ཁ་ཤས2023ལོར་བསྡུས་པའི་ནས་ནག་ལས་སྣོན་ལ་བྲེལ་བ་དང་། ཁ་ཤས་ཤིག་རྩམ་པ་དང་ཆུར་བ་སོགས་ཀྱི་ཡུལ་ཐོན་ཐོན་རྫས་འཚོང་བར་བྲེལ་བཞིན་ཡོད། བོད་ཇ་འཐོག་པ་དང་ལུག་གྲོད་ཤ་མོ་འདེབས་པའི་ལས་ཀ་གཉེར་མཁན་གྱི་འབྲོག་མི་བསམ་འཕེལ་གྱིས་2024ལོར་འདི་དག་ལ་བརྟེན་ནས་སྒོར་མོ་སྔར་བས་མང་པོ་ཇི་ལྟར་འཚོལ་བའི་ཐད་ལ་རྩིས་རྒྱག་བཞིན་འདུག གསར་དུ་བཙུགས་པའི་གྲོང་གསེབ་དར་སྤེལ་ཐོན་ལས་ཀྱི་མ་ཎི་རྡོ་བརྐོས་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཟོ་གྲྭའི་ནང་དུ་རྡོ་རྐོ་སྒྱུ་རྩལ་པས་ཁོའི་སློབ་མ་རྣམས་ལ་རྡོ་རུ་མ་སྡེ་བའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་རྡོ་བརྐོས་ལག་རྩལ་འཁྲིད་བཞིན་ཡོད། སྨར་ཁོག་ཆུ་འགྲམ་དུ་ཆགས་པའི་སྡེ་བ་འདིའི་ག་ས་གང་དུ་ཐོན་ལས་དར་རྒྱས་དང་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་གྱི་སྣང་ཚུལ་ཞིག་མངོན་ཡོད།

འོད་ཟེར་གྱིས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། “ལོ་བཅུ་ཕྲག་གཅིག་གི་སྔོན་དུ་སྡེ་བ་འདི་ནི་ད་ལྟའི་རྣམ་པ་འདི་ལྟ་བུ་ཞིག་མིན།” སྔོན་ཆད་རྩྭ་ས་དང་གཉེན་སྒྲིག རྒྱུ་ནོར་སོགས་ཀྱི་རྩོད་གླེང་མང་བ་དང་། ནོར་རྐུན་རྟ་རྐུན་སོགས་ལས་འཛིང་རེས་འཁོན་རེས་བྱུང་བ་མང་བས་སྤྱི་ཚོགས་ཟང་ཟིང་ཚབས་ཆེན་ཡིན། སྐབས་དེར་འགོ་ཁྲིད་ལས་བྱེད་པ་ནས་འབྲོག་པ་མང་ཚོགས་ཚང་མ་རྩོད་གླེང་དང་འགལ་བ་འདུམ་སྒྲིག་ལ་བྲེལ་དགོས་པས་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་ཁོམ་མེད་ཟེར།

རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་དང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། དྲ་མིག་ཅན་དུ་དོ་དམ་བྱས་པ། དྲ་མིག་པ་དང་འདུམ་སྒྲིག་པ་བསྐོ་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཀོལ་བ་བརྒྱུད། འབྲོག་པ་རྣམས་ཁྲིམས་ལ་རྒྱུས་མེད་པ་ནས་ཡོད་པར་གྱུར་པ་དང་། ད་ལྟ་ཁྲིམས་བསླབས་ནས་ཁྲིམས་བཀོལ་བའི་བར་ཁྲིམས་སྐྱོང་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་སྤྱི་ཚོགས་ཀྱི་ཡུན་རིང་བདེ་འགོད་མངོན་འགྱུར་བྱུང་། དེའི་རྐྱེན་གྱིས་པད་མ་རྫོང་ལ2017ལོ་ནས2020ལོའི་ལོ་འཁོར་གྱི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གི་བྱ་དགའ་ཐོབ།

དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་དུ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་སྤྱི་ཚོགས་ཀྱི་བདེ་འགོད་མཐུན་སྒྲིལ་སྔར་བས་གཙོ་བོར་གྱུར། པད་མ་རྫོང་གིས་བདེ་འཇགས་འཛུགས་སྐྲུན་ཇི་ལྟར་དུས་རབས་ཀྱི་འཕེལ་རྒྱས་ལ་འཚམ་དུ་འཇུག་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཇི་ལྟར་ཡུན་རིང་བདེ་འགོད་ཡོང་བ་མངོན་འགྱུར་བྱེད་པའི་གནས་བབས་གསར་པ་དང་འཕེལ་རྒྱས་གསར་པར་དམིགས་ཏེ། སྔོན་ཆད་ཀྱི་བཅོས་སྐྱོང་ཉམས་མྱོང་གི་སྟེང་དུ་པད་མ་རྫོང་གི་གནས་ཚུལ་དངོས་དང་འཚམ་ཞིང་གཞི་རིམ་གྱི་དོན་དངོས་དང་བཅར་བའི་ཆབ་སྲིད་དང་ཁྲིམས་སྐྱོང་། རང་སྐྱོང་། སྤྱོད་སྐྱོང་། ཤེས་སྐྱོང་བཅས་གཞི་གཅིག་ཅན་གྱི“ལྔ་སྐྱོང་མཉམ་འདྲེས”ཀྱི་རྨང་གཞི་བཅོས་སྐྱོང་བྱེད་ཐབས་བཏོན།

པད་མ་རྫོང་དྷི་མདའ་ཡུལ་ཚོ་རུ་ཏང་ཡོན་ལས་བྱེད་པས་གྲུབ་པའི“ཏང་ཡོན་ཞབས་ཞུ་རུ་ཁག”དང“ཏང་ཡོན་འཕྲལ་རྒོལ་རུ་ཁག”རྩྭ་ཐང་དང་རི་བོའི་བར་མཚམས་སུ་སོང་སྟེ། ཡུལ་གཉིས་ཀྱི་འགལ་བ་དང་རྩོད་གླེང་ལ་དུས་ཚོད་ངེས་མེད་དུ་དོ་སྣང་དང་ཞི་འཇགས་སུ་གཏོང་བའི་ཞོར་དུ། མཉམ་འབྲེལ་འཕེལ་རྒྱས་ཀྱི་ཐུན་མོང་ཕྱུག་འགྱུར་གྱི“མཉམ་འདྲེས་ཆེན་པོ”འཚོལ་སྙེག་བྱས་ཏེ། མཚོ་སྔོན་དང་སི་ཁྲོན་མཐའ་མཚམས་ཀྱི་ཡུལ་ཚོ་དང་གྲོང་རྡལ་མཉམ་འབྲེལ་བྱས་ནས་ཏང་འཛུགས་མཉམ་སྤྱོད་དང་སྤྱི་ཚོགས་བཅོས་སྐྱོང་ལ་མཉམ་དུ་ཞུགས་པའི་བྱེད་སྟངས་གསར་པ་སྒྲིག་འཛུགས་བྱས། སུང་ན་ནས་མཚམས་སྦྱོར་བྱས་པ་ལྟར་ན། 2022ལོ་ནས་བཟུང་པད་མ་རྫོང་གིས“འབྲེལ་མཐུད་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བ་དང་འབྲེལ་ནས། གཞི་རིམ་ཏང་འཛུགས་དམ་འཛིན་བྱེད་པ་དང་། ནུས་མེད་ལྷོད་གཡེང་གི་ཏང་རྩ་འཛུགས་དག་ཐེར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་གི་བཙན་རྫོང་བརྟན་པོར་གཏོང་བ། “རྩ་འཛུགས་ཡོངས་ལ་ཁེབས་ཤིང་བཅོས་སྐྱོང་ལ་ཆད་ལུས་མེད་པ། ཞབས་ཞུར་བར་ཐག་མེད་པ”ཡི་བྱེད་ནུས་སྣ་མང་གི་དྲ་མིག་བཙུགས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི། འགན་འཁུར་ཕོག་པའི་སྡེ་བའི་ལས་བྱེད་པ། སྐྱེ་ཁམས་བདག་སྐྱོང་པ་སོགས་དྲ་མིག་པའི་དཔུང་སྡེར་བསྡུས་ཏེ། ཕྱོགས་མང་པོ་ནས་ཤུགས་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བའི་ཐབས་ཇུས་མང་པོ་བཏོན་ནས། “བར་སྟོང་ཆེས་ཆེ་ཞིང་སྡེ་ཚན་ཆེས་ཆུང་བའི”བཅོས་སྐྱོང་མངོན་འགྱུར་བྱས།

པད་མ་རྫོང་གིས་བཅོས་སྐྱོང་བྱེད་ཐབས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་བརྒྱུད། སྤྱི་ཚོགས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། འབྲོག་པ་རྣམས“དྲག་ལས་ལ་བརྟེན་ནས་དོན་དག་ཐག་གིས་གཅོད་པའི”དཔའ་རྒོད་ཀྱི་བྱ་སྤྱོད་དང་རིང་དུ་གྱེས་ནས“ཁྲིམས་ལ་བརྟེན་ནས་དོན་དག་མེད་པར་བཟོ་བའི”གནས་ལུགས་བརྩི་མཁན་དུ་འགྱུར་མགོ་བརྩམས། འཕེལ་རྒྱས་ཁྲོད་དུ་འགལ་བ་དང་རྩོད་གླེང་གཡོལ་ཐབས་མེད་པར་ཡང་དང་བསྐྱར་དུ་འབྱུང་བ་ཞིག་ཡིན་རུང་། དུས་རབས་གསར་པའི་ལམ་དུ་པད་མ་རྫོང་དུ“ཁྲིམས”སེམས་ནང་དང“སྐྱོང”རྐང་ནང་དུ་ཟུག་ཡོད་པས། ཡུན་རིང་བདེ་འགོད་ཀྱི་སྤྱི་ཚོགས་ནང་དུ་མ་མཐའི་སྤྱི་པའི་ཞབས་ཞུ་དང་གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་ཀྱི་ཐད་བདེ་འགོད་མཐུན་སྒྲིལ་དང་བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་སྣང་ཚུལ་ཁྲོད་དུ་ཡང་བསྐྱར་ཆེས་བཟང་བའི་གྲུབ་འབྲས་བསྐྲུན་ངེས་ཡིན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།