ཁྱིམ་ཚང་སྨན་པས་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་བརྩེ་བས་སྲུང་།
2024.02.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ངའི་མིང་ལ་ཕག་གྲུབ་ཟེར་ཞིང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་འཕྲོད་བསྟེན་ཁང་གི་མགོ་གཙོ་ཡིན། ཉིས་སྟོང་ཉེར་གསུམ་ལོར།  ང་ཚོའི་འཕྲོད་བསྟེན་ཁང་གིས་ཀྲུང་བོད་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱས་པ་ཡིན།

གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་དྲུག་ཆེན་སུམ་མདོ་གྲོང་རྡལ་དང་། དེ་མིན་ཉེ་འཁོར་ས་ཁུལ་གྱི་སྨན་བཅོས་དང་། སྔོན་འགོག ལུས་ཁམས་བདེ་སྲུང་བཅས་ཀྱི་བྱ་བའི་འགན་འཁུར་བཞིན་ཡོད་ལ། དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་སྲིད་འཛིན་སྡེ་བ་བཞི་ཡི་མི་ལྔ་སྟོང་ལྷག་ལ་ཞབས་འདེགས་ཞུ་བཞིན་ཡོད།

རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་རིམ་པ་མང་ཞིང་སྣ་མང་ཅན་གྱི་བདེ་ཐང་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཆེད།    ཉིས་སྟོང་ཉེར་གསུམ་ལོར།   འཕྲོད་བསྟེན་ཁང་གིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་བྱ་བ་ཧུར་ཐག་གིས་སྤེལ་ནས་འབྲོག་པ་མང་ཚོགས་ལ་ཁྱོན་ཡོངས་དང་རྒྱུན་མཐུད། ནུས་ལྡན། དུས་ཐོག་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་བདེ་སྲུང་བྱ་བ་སྤེལ་ཡོད། བདེ་ཐང་ཞབས་ཞུའི་བྱེད་སྟངས་བརྒྱུད་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་བདེ་ཐང་སློབ་གསོའི་བྱ་འགུལ་ཧུར་ཐག་གིས་སྤེལ་ཏེ། འབྲོག་པ་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་དང་རང་ཉིད་བདེ་སྲུང་ནུས་པ་ཆེ་རུ་བཏང་ཡོད།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་པར། དྲུག་ཆེན་སུམ་མདོ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཁྱིམ་ཚང་སྨན་པ་མེ་ཏོག་སྐྱིད་ཀྱིས་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་དགོ་རྒྱང་སྡེ་བར་བདེ་ཐང་དྲིལ་སྒྲོག་སློབ་གསོ་སྤེལ་སྐབས། སྡེ་མི་གཡུ་སྒྲོན་གྱི་རྐང་པ་གཡས་པ་མི་བདེ་བ་ཤེས་འཕྲལ། མེ་ཏོག་སྐྱིད་ཀྱིས་གཡུ་སྒྲོན་ལ་འཕྲོད་བསྟེན་ཁང་དུ་ཡོང་ནས་ཀྲུང་བོད་གསོ་རིག་གི་སྨན་བཅོས་ཚོད་ལྟ་ཞིག་བྱེད་པར་སྐུལ་མོད། འོན་ཀྱང་གཡུ་སྒྲོན་གྱིས་མགོ་བོ་གཡུག་གཡུག་བྱས་ནས་དང་ལེན་མ་བྱས།

ལོ་ན་གཞོན་པའི་གཡུ་སྒྲོན་གྱི་མིག་མཐར་མཆི་མ་འཁོར་བའི་ངང་ཚུལ་དེས་མེ་ཏོག་སྐྱིད་ཀྱི་སེམས་ལ་ཁབ་གཙགས་བྱས་པ་ལྟར་ཟུག་གཟེར་ཞིག་བསླངས་བྱུང་། ཕྱིར་ལོག་རྗེས་མེ་ཏོག་སྐྱིད་ཀྱིས་འཕྲལ་དུ་གཡུ་སྒྲོན་གྱི་གནས་ཚུལ་ང་ལ་བཤད་ཅིང་། གཡུ་སྒྲོན་གྱི་ནད་ཀྱི་གནས་ཚུལ་དང་བདེ་ཐང་གི་གནས་ཚུལ། དེ་མིན་སྨན་བཅོས་ཀྱི་མཇུག་འབྲས་བཅས་ལ་རྒྱུས་ལོན་བྱེད་ཆེད། ཕྱི་ཉིན་ང་དང་མེ་ཏོག་སྐྱིད་གཉིས་སླར་ཡང་གཡུ་སྒྲོན་ཚང་དུ་སོང་བ་ཡིན།

གཡུ་སྒྲོན་ནི་ངུ་སླ་བའི་བུ་མོ་ཞིག་རེད། ཐེངས་དང་པོར་ཁོ་མོ་མཐོང་བའི་སྐབས་དང་འཕྲོད་བསྟེན་ཁང་དུ་ཡོང་ནས་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་པའི་སྐབས་གང་ལའང་ཁོ་མོ་ངུ་བཞིན་འདུག གཡུ་སྒྲོན་ལོ་བཅོ་བརྒྱད་ལ་བུད་པའི་ལོ་དེར་ཀླད་པའི་གཉན་ཚད་ནད་བྱུང་སྟེ་ལུས་ཕྱེད་ཞ་བའི་ཁར། རྐང་པ་གཡས་པར་ཡང་གནོད་པ་ཐེབས་ཏེ་མོའི་རྒྱུན་ལྡན་གྱི་འཚོ་བར་བར་ཆད་ཆེན་པོ་བཟོས།   ལོ་ངོ་བཅུ་གཉིས་ཀྱི་རིང་དུ། ཁོ་མོ་ཁྲིན་ཏུའུ་དང་ཞིང་ཆེན་ཕྱི་ནང་གི་སྨན་ཁང་མང་པོ་ཞིག་ཏུ་སྨན་བཅོས་བྱེད་དུ་སོང་ཡང་ནད་ཇེ་དགའ་ལ་ཡོང་བ་མི་ཤེས་པས། མོ་རང་རེ་ཞིག་སྨན་བཅོས་ལ་རེ་ཐག་ཆད་དེ་ལུས་ཡོད་པ་རེད།

ཡིན་ཡང་གཡུ་སྒྲོན་ནི་བློ་རྩ་བརྟན་པའི་བུ་མོ་ཞིག་རེད། མེ་ཏོག་སྐྱིད་ཀྱིས་ཁོ་མོར་སླར་ཡང་སྨན་བཅོས་ཀྱི་སེམས་ཤུགས་བསྐྱེད་དུ་འཇུག་ཆེད། རྒྱུན་དུ་ཁོ་མོ་ཚང་དུ་སོང་ནས་ལུས་པོར་བརྟག་དཔྱད་བྱས་པར་མ་ཟད། ད་དུང་ཁོ་མོར་ཁ་བརྡ་བྱེད་རོགས་བྱས་མཐར་གཡུ་སྒྲོན་གྱིས་གཞི་ནས་མེ་ཏོག་སྐྱིད་ཀྱི་རེ་བ་དང་ལེན་བྱས་ནས་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་དུ་ཡོང་། འཕྲོད་བསྟེན་ཁང་གི་མགོ་གཙོ་གཞོན་པ་ཀླུ་རྒྱལ་ཚེ་རིང་གིས་གཡུ་སྒྲོན་གྱི་ནད་གཞིར་གཞིགས་ནས། ཁོང་བསྟེན་བོད་སྨན་བཏང་བའི་ཞོར་དུ་གསེར་ཁབ་དང་སྨན་ལུམས། སྨན་སྦྱོར། བསྐུ་མཉེ་སོགས་བོད་ལུགས་གསོ་རིག་གི་ལག་རྩལ་སྣ་ཚོགས་སྤྱད་ནས་སྨན་བཅོས་བྱས་ཤིང་། གཡུ་སྒྲོན་གྱིས་སྨན་པའི་ངག་བཞིན་སྨན་བཅོས་བྱས་པས་བསམ་ཡུལ་ལས་འདས་པ་ཞིག་ལ་སྨན་བཅོས་བྱེད་ཐེངས་རེར་ནད་གཞི་ཇེ་ཡང་ཇེ་བཟང་དུ་འགྲོ་བཞིན་པ་ཤེས།

དེང་སྐབས། ངའི་མིག་ནང་གི་གཡུ་སྒྲོན་ནི་བུ་མོ་སྤྲོ་སྣང་ཅན་ཞིག་ཡིན། ཐེངས་རེར་བརྟག་དཔྱད་བྱེད་དུ་ཡོང་དུས་གཡུ་སྒྲོན་གྱི་གདོང་ལ་འཛུམ་གྱིས་ཁེངས་ཡོད། ཁོ་མོའི་སྐད་ཆ་ལྟར་བཤད་ན།  རྒྱུན་ལྡན་ལྟར་འགྲོ་ཐུབ་པར་མ་ཟད་ད་དུང་ཞབས་བྲོ་ཡང་འཁྲབ་ཐུབ་ཟེར། དེ་ལས་ཀྱང་ཁོ་མོར་ཆེས་དགའ་བའི་དོན་ཞིག་ཡོད་པ་ནི་རང་ཞིང་གི་བོད(སོག)གསོ་རིག་སྨན་བཅོས་སྒྲིག་གཞིའི་ནང་གི་སྨན་རྫས་སྐོར་ཞིག་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས། འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱིས་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་སྐོང་བར་སྟབས་བདེ་བསྐྲུན་ཡོད་པ་དེ་རེད། སྨན་བཅོས་འགྲོ་གྲོན་སྒོར་མོ་སྟོང་གསུམ་དང་དགུ་བརྒྱ་གྱ་བརྒྱད་ལ་སླེབས་ཡོད་ནའང་། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་ལྟར་རྩིས་ཞུ་བྱས་རྗེས་གཡུ་སྒྲོན་རང་ཉིད་ཀྱིས་འགྲོ་སོང་སྒོར་མོ་བརྒྱ་དང་ཉེར་དྲུག་ལས་བཏང་མེད་པས་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་ཕྱིན་ཡོད་པ་རེད།

ཇི་ལྟར་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ནང་དོན་འཐུས་ཚང་དུ་བཏང་སྟེ། ཀྲུང་བོད་གསོ་རིག་དང་བོད་སྨན་གྱི་འཚམ་མཐུན་ལག་རྩལ་གཞི་རིམ་དུ་ཁྱབ་གདལ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས།  འབྲོག་པ་མང་ཚོགས་ཀྱི་ཚིམ་སྣང་དང་ཐོབ་སྣང་ཆེ་རུ་གཏོང་དགོས་སམ།   ཁྱིམ་ཚང་སྨན་པས་དྲ་ཐོག་ནས་ཀྲུང་བོད་གསོ་རིག་སྨན་བཅོས་སྐོར་གྱི་ཁ་བརྡ་དང་དངོས་སུ་ངོ་ཐུག་ནས་ལག་ལེན་དུ་བསྟར་བ་ནི་ཉིས་སྟོང་ཉེར་གསུམ་ལོར་ང་ཚོས་འཚོལ་ཞིབ་བྱས་པའི་ཞབས་ཞུའི་རྣམ་པ་ཞིག་ཡིན།

འཕྲོད་བསྟེན་ཁང་གི་ཁྱིམ་ཚང་སྨན་པས་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་རྗེས་སྨན་ཁང་དང་ནད་པའི་བར་འབྲེལ་བ་དམ་ཟབ་བཙུགས་ཡོད། སྐད་འཕྲིན་ཚོགས་པ་སོགས་སྨྱན་སྦྱོར་གསར་པའི་ཐབས་ལམ་བརྒྱུད་ནས་འབྲོག་པ་མང་ཚོགས་ལ་བདེ་ཐང་ཤེས་བྱ་ཁྱབ་གདལ་དང་དོགས་གནད་སེལ་བ། ཁྱིམ་ཚང་དུ་སོང་ནས་སྨན་རྫས་བློ་འདྲི་བྱེད་པ་དང་། ཁྱིམ་ཚང་གི་སྨན་རྫས་སྒམ་ལེགས་སྒྲིག་སོགས་བྱས་ནས་འབྲོག་པ་མང་ཚོགས་ཀྱི་རང་ཉིད་ཀྱི་བདེ་ཐང་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད།

ཁྱིམ་ཚང་དུ་འགྲོ་སྐབས། ཁྱིམ་ཚང་སྨན་པས་གན་རྒྱ་བཞག་པའི་མང་ཚོགས་ལ་རིགས་དབྱེ་ནས་དེབ་བཟོ་བ་དང་དམིགས་སའི་རང་བཞིན་གྱི་ཁ་ཆད་བཅར་འདྲི་དོ་དམ་སྤེལ་བ་རེད། འགྲོ་འདུག་སྟབས་མི་བདེ་བར་དུས་ཡུན་རིང་པོར་མལ་ཁྲིའི་ཐོག་འཚོ་བའི་ནད་པར་སྨན་བཅོས་སྒོ་ཁར་སྐྱེལ་བ་དང་། ཁེར་རྐྱང་དུ་སྡོད་པའི་རྒན་རྒོན་ལ་སྒོ་ཁར་ལུས་པོར་བརྟག་དཔྱད་བྱེད་དུ་འགྲོ་བའི་ཞབས་ཞུ་དོན་འཁྱོལ་བྱས་ཤིང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྱིམ་ཚང་སྨན་པའི་བདེ་ཐང་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་ནས་འབྲོག་པ་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་སྲུང་བཞིན་ཡོད། 

                                                                          རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།