“ནུས་ལྡན་ཧྲུའུ་ཅི”དང“མདུན་སྐྱོད་གྲུ་རྐྱང”།
2024.02.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

ཉེ་ལམ། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྲུ་རྐྱང་སྡེ་བར་སོང་སྟེ་སྡེ་བའི་བྱ་བའི་ཕྱོགས་སྒྲིག་ལག་དེབ་ཀྱི་ཁ་ཕྱེས་པ་ན། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མིག་ལམ་དུ་གསལ་བོར་མངོན་པ་དང་། ཕལ་ཆེར་ལོ་རེར་ལས་གཞི་གསར་པ་རེ་གྲུ་རྐྱང་སྡེ་བ་ནས“རྩ་བ་ཚུགས་ནས་འབྲས་བུ་སྨིན་ཡོད”དེ།

2017ལོར། གེ་སར་གླིང་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་།

2018ལོར། སྦྲ་ནག་སྤྲོ་སྐྱིད་གླིང་གི་སྒོ་ཕྱེས།

2019ལོར། འབའ་ཡུལ་རིག་གནས་ཐང་ཆེན་བསྐྲུན།

2020ལོར། གྲུ་རྐྱང་སྡེ་བའི་གོང་བདེ་འབྲུ་སྣུམ་ཚོང་ཁང་གི་སྒོ་ཕྱེས།

2021ལོར། གྲོང་གསེབ་དར་སྤེལ་གྱི་གཞུང་ལས་ཁང་བསྐྲུན།

2022ལོར། དུས་རབས་གསར་པའི་གློག་བརྙན་ཁང་གི་སྒོ་ཕྱེས།

2023ལོར། ཞིང་པའི་སྤྲོ་སྐྱིད་ཁང་གི་སྒོ་ཕྱེས་པ་རེད།

ཏག་ཏག་ལོ་ཐུང་ཐུང་ཞིག་གི་ནང་ལ། གྲུ་རྐྱང་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་མོ་སྟོང་གཉིས་ཡས་མས་ནས་སྒོར་མོ་ཁྲི་གཅིག་དང་སྟོང་གཅིག་ཡས་མས་སུ་འཕར་སྣོན་བྱུང་སྟེ། གྲུ་རྐྱང་སྡེ་བ་མིང་དོན་གཉིས་ལྡན་གྱི“མདུན་སྐྱོད་སྡེ་བར”གྱུར། དེ་ནི“ནུས་ལྡན་ཧྲུའུ་ཅི”བློ་བཟང་ནོར་བུ་དང་གྲུ་རྐྱང་སྡེ་བའི་སྡེ་མིས་མཐུན་སྒྲིལ་མཉམ་འབད་བྱས་པའི་གྲུབ་འབྲས་རེད།

“ངས་ད་རུང་སྡེ་བའི་ཧྲུའུ་ཅི་ཡི་འགན་ཁུར་ཚེ། གྲུ་རྐྱང་སྡེ་བར་དོན་དངོས་བསྒྲུབ་པ་དང་ཚང་མར་ཞབས་ཞུ་བསྒྲུབ་ངེས་ཡིན། གལ་ཏེ་དོན་དངོས་བསྒྲུབ་མི་ཐུབ་ན། ཧྲུའུ་ཅི་ཡི་འགན་མ་འཁུར་ན་བཟང”ཞེས་བློ་བཟང་ནོར་བུས་དེ་འདྲའི་བྱང་ཆ་མི་ལྡན་པའི་རྒྱ་སྐད་ཀྱི་ལམ་ནས་ཁོ་རང་གི“ཐོག་མའི་བསམ་འདུན”བཤད་བྱུང་།

གྲུ་རྐྱང་སྡེ་བ་རུ། བློ་བཟང་ནོར་བུའི་གཤིས་ཀ་ནི“འཚུབ་ལི”ཞིག་ཡིན་པ་ཀུན་གྱིས་ཤེས། 2014ལོའི་ཟླ12པར། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་པའི་བློ་བཟང་ནོར་བུས་ཁོའི“བྱེད་ཐབས་གསུམ”ལག་བསྟར་བྱེད་མགོ་བརྩམས།

“ལོ་གཅིག་ནས་གཉིས་ཀྱི་ནང་ཀྲི་པུའུ་མགོ་ཁྲིད་ཚན་ཆུང་གི་འཐབ་འཛིང་ནུས་ཤུགས་སྟོབས་ལྡན་དུ་གཏོང་དགོས།”དེ་ནི་བློ་བཟང་ནོར་བུའི“བྱེད་ཐབས་དང་པོ”རེད།

སྔོན་ཆད་ཀྱི་ཀྲི་པུའུ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིར་མཚན་སྙན་ཆེ་མོད། འོན་ཀྱང་ལོ་ན་ཆེ་ལ་རིག་གནས་ཆུ་ཚད་ཞན་པ། ལས་སྒྲུབ་ཀྱི་རྣམ་པ་ལྷོད་གཡེང་ཡིན་པ་སོགས་ཀྱི་གནད་དོན་ཡོད་པས། བློ་བཟང་ནོར་བུས་གནས་ཚུལ་འདི་དག་ལ་ཁ་གཏད་དེ། ཏང་ཡོན་ཡོངས་ལ་གྲོས་ཚོགས་འཚོགས་ནས་ཚང་མར་སྡེ་བའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ། སློབ་ཆེན་པ་ཞིག་བདམས་ནས་སྡེ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་དུ་འཇུག་དགོས་ཞེས་བཤད།

མི་དེ་འདྲ་ཞིག་འཚོལ་ཆེད། སྡེ་བའི་ནང་དུ་སློབ་ཆེན་པ་ཡོད་པའི་ཁྱིམ་ཚང་རེ་རེར་སོང་ནས་ཁ་བརྡ་བྱས་པ་བརྒྱུད། སྔ་གཞུག་ཏུ་སློབ་ཆེན་པ་བཅུ་ཕྲག་ཁ་ཤས་སྡེ་བར་ཡོང་ནས་ལས་འགན་ཁུར། ལ་ལས་ཡི་གེ་པའི་ལས་འགན་ཁུར་ལ། ལ་ལས་འགན་སྲུང་སྤྲོད་ལེན་གྱི་ལས་འགན་ཁུར་པ་རེད།

ད་ལྟ་གྲུ་རྐྱང་སྡེ་བའི་ཡིག་ཚགས་ཁང་དུ་སོང་བ་ན། ཡིག་ཆ་སྣ་ཚོགས་རིགས་བགོས་ནས་ཉར་ཚགས་བྱས་ཡོད་པ་དང་། གྲལ་དག་ལ་གོ་རིམ་ལྡན་པ། སྡེ་བའི་གསར་འགྱུར་གནད་བསྡུས་ཀྱང་གསར་བསྒྱུར་བྱས་པ་ཧ་ཅང་མགྱོགས། དེ་མ་ཟད་གྲོས་ཚོགས་ལ་ཟིན་ཐོ་ཡོད་པ་དང་དོ་དམ་ཡང་རིམ་བཞིན་ཚད་ལྡན་དུ་བཏང་ཞིང་། སྔོན་ཆད་ཀྱི“ཤོག་དཀར་སྟེང་མཛུབ་ཐེལ”རྒྱག་པའི་གནས་ཚུལ་བསྒྱུར་བས། སྡེ་མི་ཚོའི་ཁས་ལེན་གང་ལེགས་ཐོབ།

གྲུ་རྐྱང་སྡེ་བའི་སྡེ་བ་ཡོངས་ལ་ཏང་ཡོན30ཡོད་པ་དང་། ལོ་རེར་སློབ་ཆེན་པ་ཡང་ཁོའི་འོས་སྦྱོར་ལ་བརྟེན་ནས་ཏང་ནང་དུ་རྒྱུན་མི་ཆད་པར་ཞུགས་ཀྱིན་ཡོད། མཐར་ཕྱིན་ཏེ་ལོ་གཉིས་འགོར་བའི་ངག་དབང་ལྷ་མོས་ད་བར་དུ་སྡེ་བའི་ནང་བྱ་བ་སྒྲུབ་བཞིན་ཡོད། མོས་བཤད་རྒྱུར། “ཧྲུའུ་ཅི་ཡིས་ང་ལ་སྡེ་བའི་ནང་དུ་བྱ་བ་སྒྲུབ་དགོས་པའི་ཁ་བརྡ་བྱས་པས། ངས་སློབ་ཞོར་དང་ལས་ཞོར་དུ་མང་པོ་ཞིག་སློབ་ཐུབ་སོང་། རང་གི་སྡེ་བར་བྱས་རྗེས་ཉུང་ཙམ་རེ་འཇོག་ཐུབ་ན་དེ་ངའི་གཟི་བརྗིད་ཡིན”ཞེས་བཤད།

བློ་བཟང་ནོར་བུའི“བྱེད་ཐབས་གཉིས་པ”ནི“ཐོན་ལས་སྟོབས་ལྡན་དུ་བཏང་ནས་སྡེ་བ་དར་སྤེལ་བྱ་རྒྱུ་དེ”རེད།

གྲུ་རྐྱང་སྡེ་བ་ནི་དབུལ་ཐར་སྡེ་བ་ཞིག་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་དུས་སྐབས་སུ་སྡེ་བའི་ནང་དུ་དབུལ་སྐྱོར་ཆེད་དམིགས་མ་དངུལ་ཡོད་པ་དེས་སྡེ་མི་དབུལ་ཐར་བྱེད་པར་རོགས་རམ་བྱས། 2017ལོ་ནས་བཟུང་། བློ་བཟང་ནོར་བུ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་འཇམ་དབྱངས་ཚེ་རིང་གཉིས་ཀྱིས་ཐུན་མོང་འབད་བརྩོན་བྱས་པར་བརྟེན། སྡེ་བའི་ནང་དུ་གེ་སར་གླིང་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ད་ལྟ་ནོར་གནག400ལྷག་དང་ལུག300ལྷག་ཡོད་ལ། དེས་གྲུ་རྐྱང་སྡེ་བར་ནོར་ལུག་གསོ་སྤེལ་གྱི“སྐྱེ་ཁམས་དཀར་ཡོལ”བཟུང་དུ་བཅུག་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“ཐོན་ལས་ཟ་མ”ཟ་རུ་བཅུག

རང་སྟོབས་རང་སྤེལ་བྱས་པར་བརྟེན། སྡེ་བར་འཕེལ་རྒྱས་མ་དངུལ་ཡོད་པ་དང་། བློ་བཟང་ནོར་བུས་སྔར་བཞིན“བསམ་གཞིག”གཏོང་མགོ་བརྩམས། ཁོས་གཉེན་སྒྲིག་བྱེད་ས་སོགས་བོགས་མར་གཏོང་བའི་ཁྲོད“ཚོང་ལས་ཀྱི་གོ་སྐབས”རྙེད་པ་དང་། སྡེ་བའི་ནང་དུ“རིག་གནས་ཐང་ཆེན”ཞིག་སྒྲུབ་རྒྱུ་ཡིན་པ་ཐག་བཅད་མོད། འོན་ཀྱང་སྲིད་གཞུང་བརྒྱུད་དེ་མ་དངུལ་རེ་ཞུ་བྱེད་དགོས་པས། མ་གཞི་ནས“འཚུབ་ལི”ཡིན་པའི་བློ་བཟང་ནོར་བུས་དེར“སྒུག་མ་ཐུབ་པར”། ཁོས་རང་ཉིད་ཀྱི་སྡོད་ཁང་དངུལ་ཁང་ལ་གཏའ་མ་བཞག་ནས་སྒོར་མོ་འབུམ་བཞི་དང་ཁྲི་ལྔ་བསྐྱིས་རྗེས། “འབའ་ཡུལ་རིག་གནས་ཐང་ཆེན”མགྱོགས་པོར་བསྐྲུན།

ཞིང་སྡེ་ཕྱུག་པོ་ཡིན་མིན་ཀྲི་པུའུ་ལ་རག་ལས་པ་དང་། ཀྲི་པུའུ་སྟོབས་ལྡན་ཡིན་མིན་ཀྲི་པུའུ་ཧྲུའུ་ཅི་ལ་རག་ལས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བསྟན་དོན། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས། བློ་བཟང་ནོར་བུས་དངོས་གནས་སྡེ་བ་ཡོངས་ཀྱི་བྱ་བ་སོ་སོའི“འགན་འཁུར་པ་དང་པོ”ཡི་ལས་འགན་ཁུར་པ་དང་། སྡེ་བའི་ལས་བྱེད་པས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་དུ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བར་ཤུགས་རྐྱེན་དང་སྐུལ་ཁྲིད་བྱས་ཏེ། སྡེ་དམངས་ཚོར་ཕན་བདེ་མང་པོ་བརྩོན་ལེན་བྱས།

སྦྲ་ནག་སྤྲོ་སྐྱིད་གླིང་དང་ཞོག་ཁོག་འདེབས་འཛུགས་ཀྱིས་ལོ་རེར་ཡོང་སྒོ་སྒོར་མོ་འབུམ་གཅིག་ལྷག་བསྐྲུན་པ་དང་། གོང་བདེ་འབྲུ་སྣུམ་ཚོང་ཁང་གི་རིན་གོང་དེ་ཚོང་ར་དང་བསྡུར་ན20%ཡིས་དམའ་ཞིང་། དམངས་ཕན་སྲིད་ཇུས་ཀྱིས་དངོས་གནས་དམངས་ལ་ཕན་བདེ་བསྐྲུན། འོད་ཧྥུ་གློག་ཚིགས་ཀྱི་ཡོང་སྒོ་བཟང་ལ། ཞིང་པའི་སྤྲོ་སྐྱིད་ཁང་དང་གྲོང་གསེབ་དར་སྤེལ་གཞུང་ལས་ཁང་གི་འཛུགས་སྐྲུན་གྱིས་གྲུ་རྐྱང་སྡེ་བ་ཇེ་ལེགས་ནས་ཇེ་ལེགས་སུ་བཏང་བར་མ་ཟད། དུས་རབས་གསར་པའི་གློག་བརྙན་ཁང་བསྐྲུན་ཏེ། སྡེ་མི་ཚོས་སྒོ་ཁ་ནས་དེང་རབས་ཀྱི་བདེ་སྐྱིད་འཚོ་བ་རོལ་མྱོང་ཐུབ་པར་བྱས།

གྲུ་རྐྱང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་སྟེ། 2022ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་དགུ་ལྷག་ལ་སླེབས་ཤིང་། ཡོང་སྒོའི་ཁྲོད་ཀྱི70%སྡེ་བ་ཡོངས་ཀྱི་སྡེ་མིའི་རྒན་གསོ་མ་དངུལ་སྤྲོད་པ་དང་དགུན་ཁའི་འབར་རྫས་མཁོ་སྤྲོད་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་རྐང་གི་གླ་ཕོགས་སོགས་ཀྱི་ཕྱོགས་ལ་བཀོལ་བཞིན་ཡོད།

སྡེ་མི་གཟུངས་སྐྱིད་སྒྲོལ་མ་གློག་བརྙན་ཁང་ནས་སྒོར་བུད་རྗེས། འབའ་ཡུལ་རིག་གནས་ཐང་ཆེན་ནས་ཉི་མར་ལྡེ་བཞིན་བྱིས་པ་སློབ་གྲྭ་གྲོལ་བར་བསྒུགས་ཡོད། མོས“ད་ལྟའི་ཡོང་སྒོ་ལོ་རེ་ནས་ལོ་རེར་བཟང་བ་དང་། སྡེ་བའི་འགྱུར་ལྡོག་ཀྱང་ཇེ་ཆེ་ནས་ཇེ་ཆེ་རེད། ཧྲུའུ་ཅི་ཡིས་ང་ཚོའི་འཚོ་བར་ཐུགས་ཁུར་བྱེད་བཞིན་ཡོད་པས། ང་ཚོའི་འཚོ་བ་ཧ་ཅང་སྐྱིད”ཅེས་བཤད།

ད་ལྟ། གྲུ་རྐྱང་སྡེ་བ་སྔ་གཞུག་ཏུ་རྫོང་ཡོངས་ཀྱི་ཡིད་རྟོན་སྡེ་བ་དང་ཁྲི་འདུ་རྫོང་གི་ཆང་འཐུང་ཁ་ལོ་པ་མེད་པའི་སྡེ་ཁག ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་གྲོང་སྡེ། རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་བཅས་ལ་བདམས་པ་དང་། བློ་བཟང་ནོར་བུ་ལ་ཡང་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་ཐོབ།

མ་གཞིར་ངལ་གསོ་འདོད་ཡོད་པའི་བློ་བཟང་ནོར་བུས་སྡེ་མིའི་རེ་བ་དང་ལེན་བྱས་ཏེ། མུ་མཐུད་དུ་ལས་རྐང་སྟེང་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད་ལ། ཁོས2024ལོའི་བྱ་བའི་འཆར་གཞི་ཡང་བཟོས་ཡོད།

ཁོའི་འཆར་གཞི་ཁྲོད། ཞིང་ལས་ཐོན་ལས་ཅན་དུ་བསྒྱུར་བའི་ལས་གཉེར་དང་ལས་སྒུག་སློབ་ཆེན་པའི་ལས་ཞུགས་གནད་དོན། སྡེ་མིའི་ཡོང་སྒོ་ཇེ་མཐོར་གཏོང་བ་སོགས་ནི་ཁོའི་གཙོ་གནད་བྱ་བའི་དམིགས་འབེན་དུ་གྱུར་ཡོད། ཁོས་བཤད་རྒྱུར།“གུང་ཁྲན་ཏང་ཡོན་ཞིག་ཡིན་ཚེ་རང་ཉིད་གཅིག་པུའི་ཁེ་ཕན་མི་བསམ་པར། བློ་གཅིག་སེམས་གཅིག་གིས་དམངས་ལ་ཕན་བདེ་བསྐྲུན་ཏེ། གྲུ་རྐྱང་སྡེ་བ་ཇེ་ལེགས་ནས་ཇེ་ལེགས་དང་སྟོབས་ཆེར་གཏོང་དགོས”ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།