སྐོབ་ཞིབ་བྱ་བ་གཟབ་ནན་ངང་བསྒྲུབས་ཏེ་རི་ཆུར་སྲུང་སྐྱོབ་བྱས།
2024.02.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

སྐོར་ཞིབ་ཏུ་སྐྱོད་བཞིན་པ།

ལོ་རེའི་ཟླ11པ་ནས་ལོ་རྗེས་མའི་ཟླ4པའི་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཆགས་པའི་དགའ་བདེ་རྫོང་ཁོངས་ནི་ཡུན་རིང་བའི་དགུན་དཔྱིད་དུས་ཚིགས་སུ་སླེབས་ཡོད། དུས་སྐབས་འདི་ནི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་ཆེ་བ་དང་འབྱུང་སླ་བའི་དུས་ཚིགས་ཤིག་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས། དགའ་བདེ་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་ཡུལ་ཚོ6དང་གྲོང་རྡལ1གི་མངག་གཏོང་ཁང་དང་མཉམ་འབྲེལ་སྒོས་སྐོར་ཞིབ་ཀྱི་ལམ་ཐག་རིང་མོར་སྐྱོད་བཞིན་ཡོད།

ཞོགས་པའི་ཆུ་ཚོད7དང་སྐར་མ30ཡི་སྟེང་། དགའ་བདེ་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་རུ་གཙོ་ཆེན་མོ་ཚེ་རིང་བསམ་འགྲུབ་ཀྱིས་སྐོར་ཞིབ་ལག་ཆ་གྲ་སྒྲིག་བྱས་ཏེ། རུ་མི་གཉིས་དང་མངག་གཏོང་ཁང་གི་ཉེན་རྟོག་པ་དང་མཉམ་དུ་རི་སྒང་དུ་སྐོར་ཞིབ་བྱེད་པར་ཆས། རི་སྒང་དུ་སྐོར་ཞིབ་བྱེད་པ་ནི་ལམ་ཐག་དང་དུས་ཡུན་རིང་བའི་རི་མགོའི་སྐོར་ཞིབ་བྱ་བ་ཞིག་ཡིན། ཚེ་རིང་བསམ་འགྲུབ་ཀྱིས་སྐོར་ཞིབ་གོ་རིམ་ཁྲོད། སྐོར་ཞིབ་མི་སྣས་ཁོངས་གཏོགས་ས་ཁུལ་གྱི་ཁྱད་ཆོས་ལྟར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁོངས་གཙོ་བོར་སོང་ནས་གནམ་གཤིས་ཀྱི་གྲང་ངར་དང་ཀྱག་ཀྱོག་གི་བགྲོད་ལམ་སོགས་ཀྱི་དཀའ་སྡུག་ཁྱད་དུ་བསད་ཅིང་། རླངས་འཁོར་ལ་བསྡད་ནས་སྐོར་ཞིབ་དང་རྐང་ཐང་དུ་སྐོར་ཞིབ་བྱེད་པ་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། ཉིན་རེར་སྤྱི་ལེ50ཡི་སྐོར་ཞིབ་ལམ་དུ་སྐྱོད་བཞིན་ཡོད་ཟེར།

“སྐོར་ཞིབ་ཀྱི་ས་གནས་ནི་དགའ་བདེ་རྫོང་དང་ཐག་ཆེས་ཉེ་བར་ཡང་སྤྱི་ལེ40ཡོད་པ་དང་། ཐག་ཆེས་རིང་ས་གཙང་སྐོར་ཞོལ་མ་ཡུལ་ཚོ་ཡིན་ལ། སྤྱི་ལེ120ལྷག་ཡོད། སྐོར་ཞིབ་ཐེངས་གཅིག་ལ་དུས་ཚོད་བཅུ་ལྷག་སྐྱོད་དགོས་ཤིང་། ལྟོགས་ཚེ་བག་ལེབ་ཟོས་པ་དང་སྐོམ་དུས་ཆུ་འཁྱག་འཐུང་བ་ཡིན།”སྐོར་ཞིབ་ཁྲོད་འབྲོག་པའི་ཁྱིམ་ཚང་དང་འཕྲད་ཚེ་འཚམས་འདྲི་དང་གནས་ཚུལ་རྒྱུས་ལོན་བྱས་པ་དང་། འབྲོག་པ་ཚང་མས་བཅའ་ཁྲིམས་ཤེས་པ་དང་བརྩི་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་པའི“གཏན་འགོག་བཅུ”ཡིད་ལ་དམ་པོར་བཅངས་ཏེ། ཁོངས་གཏོགས་ས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པར་སྐུལ་ལྕག་བཏང་བ་ཡིན་ཞེས་ཚེ་རིང་བསམ་འགྲུབ་ཀྱིས་དེ་ལྟར་བཤད།

ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཞིབ་བཤེར་བྱེད་པ་ལས་གཞན། ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་རུ་མི་དང་མངག་གཏོང་ཁང་གི་ཉེན་རྟོག་པས་སྐོར་ཞིབ་གོ་རིམ་ཁྲོད། ཁ་བས་གཡོགས་པའི་ས་ངོས་སུ་རི་སྐྱེས་སྲོག་ཆགས་ཀྱི་རྨིག་རྗེས་ལ་ནན་ཏན་སྒོས་དབྱེ་བ་འབྱེད་དགོས་ལ། རི་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ངལ་གསོ་ས་སོགས་ས་ཁོངས་གལ་ཆེན་ལ་སྐོར་ཞིབ་ནན་མོ་བྱས་ཏེ། ལམ་གྱི་ཉེན་ཁ་གཙང་སེལ་སྒོས་རི་སྐྱེས་སྲོག་ཆགས་ཀྱི་ངལ་གསོ་རྒྱུ་ལམ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པར་མ་ཟད། རྣམ་པ་མི་འདྲ་བའི་དྲིལ་སྒྲོག་སྣ་ཚོགས་སྤེལ་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་གསོད་མི་རུང་བར་གསལ་འདེབས་དང་། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།