དྲོད་སྐྱིད་ལྡན་པའི་རྒན་གསོའི་ཞབས་ཞུ།
2024.02.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

དཔྱིད་ཀྱི་དུས་ཚིགས་སླེབས་ཟིན་ནའང་མཚོ་སྔོན་མཐོ་སྒང་གི་གནམ་གཤིས་སྔར་བཞིན་འཁྱགས།  ཁ་བ་འབབ་ཐེངས་ཤིག་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མཁར་དེ་དངུལ་དཀར་གྱི་ལྭ་བས་ཡོངས་སུ་བཀླུབས།

ཞོགས་པའི་མཁའ་དབྱིངས་སུ་ཁ་བའི་འདབ་མ་ལྷབ་ལྷུབ་དུ་འབབ་དུས།   གསར་འགོད་པ་དང་བླངས་ཞབས་ཞུ་བ་དབྱངས་ཅན་ལྷ་མཚོ་དང་མཉམ་དུ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མཐུན་སྒྲིལ་སྡོད་ཁུལ་དུ་རྒན་པོ་གཡང་བྷོ་ཚང་དུ་སོང་།   རྒན་པོ་གཡང་བྷོ་ནི་དབྱངས་ཅན་ལྷ་མཚོ་ཕར་ཁྱིམ་དུ་སོང་ནས་ཞབས་ཞུ་སྒྲུབ་བཞིན་པའི་རྒན་པོ་ཞེ་ལྔ་ཡོད་པའི་ཁྲོད་ཀྱི་གཅིག་རེད།

བདེ་མོ་ཡིན་ནམ།   རྒན་པོ་གཡང་བྷོ་ཡིས་དབྱངས་ཅན་ལྷ་མཚོ་མཐོང་མ་ཐག་དེ་ལྟར་འཚམ་འདྲི་བྱས་བྱུང་།

བདེ་མོ་ཡིན།  ད་དུང་ནང་ཇ་འཐུང་མེད་ལ།  ངས་ཁྱོད་ལ་ཇ་ཞིག་བསྐོལ། དབྱངས་ཅན་ལྷ་མཚོས་དེ་ལྟར་ཟེར་བཞིན་ཇ་ཁང་དུ་འཛུལ་ཞིང་། རང་ཁྱིམ་དུ་ཐོན་པ་ནང་བཞིན་ཧ་ཅང་བྱང་ཆ་ལྡན།

དབྱངས་ཅན་ལྷ་མཚོས་སྐོལ་བའི་ཇ་ཚ་མོ་དེ་འཐུང་བཞིན་རྒན་པོ་གཡང་བྷོ་ཡིས་ཁ་བརྡ་བྱེད་མགོ་བརྩམས་བྱུང་། ཟླ་འགའི་སྔོན་དུ་ང་རང་ད་དུང་ཆན་ཧུའུ་སྡེ་གསར་དུ་བསྡད་ཡོད་པ་དང་།  དེ་རུ་ཆུ་དང་དྲོད་རླངས་སོགས་ཕྱོགས་གང་ཅིའི་ཐད་དཀའ་ཁག་ཅུང་ཆེན་པོ་ཡོད།  ན་ནིང་གི་ཟླ་བཅུ་གཅིག་པར་ཐེམ་ཆེན་རྫོང་གི་དམངས་སྲིད་སྡེ་ཁག་གི་རོགས་སྐྱོར་འོག  ང་རང་གནས་འདིའི་ཐོག་ཁང་གསར་བར་སྤར་བས་སྔོན་ཆད་དང་བསྡུར་ན་འཚོ་བའི་ཕྱོགས་ལ་སྟབས་བདེ་ཆེན་པོ་བྱུང་ཡོད།   ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ།  ང་རང་དྲོད་རླངས་ཡོད་པའི་ཐོག་ཁང་དུ་གནས་སྤར་བར་མ་ཟད། ཉལ་གདན་དང་ཉལ་ཐུལ། ཐ་ན་ཟ་མ་ཟ་སྤྱད་ཀྱི་དཀར་ཡོལ་དང་ཐུར་མ་སོགས་ཀྱང་ཚང་མ་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་ཡིན།  དེ་མིན་ད་དུང་དབྱངས་ཅན་ལྷ་མཚོ་ཉིན་རྒྱུན་དུ་འདིར་ཡོང་ནས་ང་ལ་འདུག་རོགས་དང་རོགས་རམ་བྱེད་བཞིན་ཡོད་ཅེས་རྒན་པོ་གཡང་བྷོ་དགའ་སྤྲོ་དང་བཅས་དེ་ལྟར་བཤད་བྱུང་།

མིག་སྔར། ཐེམ་ཆེན་རྫོང་དུ་རྒན་པོ་གཡང་བྷོ་དང་འདྲ་བའི་ལོ་ལོན་ཉིས་བརྒྱ་རང་ཁྱིམ་དུ་བསྡད་ནས་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་བཞིན་ཡོད།   ཐེམ་ཆེན་རྫོང་གིས་ད་དུང་ཁྱིམ་སྡོད་དང་སྡེ་ཁུལ་རྨང་གཞིར་བྱེད་པ་དང་། སྒྲིག་གཞིའི་མཐའ་སྐྱོང་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ནས།   མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་རྒན་གསོའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་ཅེས་གསར་འགོད་པ་དང་མཉམ་དུ་སོང་བའི་ཐེམ་ཆེན་རྫོང་དམངས་སྲིད་ཅུའུ་ཡི་ལས་བྱེད་མི་སྣ་རྣམ་རྒྱལ་དཔལ་གྱིས་དེ་ལྟར་ངོ་སྤྲོད་བྱས།

བཅར་འདྲིའི་སྐབས་སུ་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  རྒན་པོ་གཡང་བྷོ་ལ་ལྟ་རྟོག་བྱེད་མཁན་དབྱངས་ཅན་ལྷ་མཚོ་ནི་ཐེམ་ཆེན་རྫོང་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་བཟོ་པ་ཞིག་ཡིན་པ་དང་། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལས་དོན་སྤེལ་བ་ནས་ད་བར་དུ།  ཁོ་མོ་གཟའ་འཁོར་རེར་རྒན་པོ་གཡང་བྷོ་ཡི་ཁྱིམ་དུ་སོང་སྟེ། ཁོ་ལ་གཙང་སྤྲ་བྱེད་རོགས་དང་བཟའ་བཏུང་ལས་རོགས་སོགས་བྱས་ནས། རྒན་པར་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བའི་དྲོད་སྐྱིད་ལོངས་སུ་སྤྱོད་ཏུ་བཅུག

རྒན་རྒོན་མི་རེ་ལ་ལས་བཟོ་པ་གསུམ་ནས་བཞི་ཡིས་ལྟ་རྟོག་བྱེད་ཀྱི་ཡོད། ཁ་པར་གྱི་མངགས་ཐོ་ཕུད་ང་ཚོ་ད་དུང་གཟའ་འཁོར་རེར་ཁོ་ཚོའི་ཁྱིམ་དུ་ཞབས་འདེགས་ཞུ་རུ་སོང་སྟེ།  རྒན་རྒོན་རྣམས་ཀྱི་དགོས་མཁོར་གཞིགས་ནས་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་ཅེས་དབྱངས་ཅན་ལྷ་མཚོས་གསར་འགོད་པར་བཤད།  དབྱངས་ཅན་ལྷ་མཚོས་རང་ཉིད་ཀྱི་བྱ་གཞག་ཁོང་དུ་ཆུད་འདུག  དབྱངས་ཅན་ལྷ་མཚོའི་ལག་ཏུ་ཡོད་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལག་དེབ་ཀྱི་ཁ་ཕྱེས་དུས། དེའི་ནང་དུ་གཙང་སྤྲ་བྱེད་རོགས་བྱེད་པ་དང་ཉོ་སྒྲུབ། འཚོ་བར་ལྟ་སྐྱོང་བྱེད་པ། སྨན་རྫས་སྤྱོད་པར་ལྟ་སྐྱོང་བྱེད་པ།  དྲག་སྐྱེད་ནད་གཡོག་བྱེད་པ་སོགས་རྣམ་གྲངས་ཆེ་ཆུང་གྱ་གཉིས་ཚུད་ཡོད་ཅིང་། དེས་རྒན་རྒོན་རྣམས་ཀྱི་འཚོ་བའི་ཕྱོགས་སོ་སོར་ཁྱབ་འདུག

ཕྱི་རུ་འཁྱགས་རླུང་འུར་འུར་ལྡང་ཡང་།  ཁྱིམ་དུ་དྲོད་ཀྱི་བདེ་བས་ཁྱབ་འདུག   ཉིན་གུང་བསླེབ་ལ་ཉེ་བའི་སྐབས་སུ།  རྨིད་གྲུ་བཞི་མ་ང་གསུམ་ཅན་གྱི་ཁང་པ་དེ་དབྱངས་ཅན་ལྷ་མཚོས་གཙང་སྤྲ་ལེགས་པར་བྱས་ཟིན་པས་ཁང་པའི་ནང་གྲལ་དག་ལ་དྲོད་ཀྱིས་ཁེངས་འདུག    རྒན་པོ་གཡང་བྷོ་ལ་མཚོན་ན།  འདི་ནི་ཁོའི་ཚེ་མཇུག་གི་བདེ་སྐྱིད་ལྡན་པའི་གནས་མལ་ལེགས་ཤོས་དེ་རེད།

ཧྲ་གི   ཧྲ་གི  སྐབས་དེར་རྒན་པོ་གཡང་བྷོ་ཡིས་སྟབས་བདེའི་སྐད་ཆ་དེས་ཁོའི་དྲིན་ཤེས་ཀྱི་བསམ་པ་དེ་མཚོན་པར་བྱས།

རྒན་པོ་གཡང་བྷོ་ཚང་ནས་ཕྱིར་ཐོན་རྗེས།  གསར་འགོད་པ་དབྱངས་ཅན་ལྷ་མཚོ་དང་མཉམ་དུ་རྫོང་མཁར་གྱི་ཁྱིམ་ཚང་གཞན་ཞིག་སྟེ་རྒན་པོ་གདུགས་དཀར་གྱི་ཁྱིམ་དུ་སོང་།    ལམ་བར་དུ་དབྱངས་ཅན་ལྷ་མཚོས་གསར་འགོད་པར་བཤད་པ་ལྟར་ན།   ད་ལོ་ལོ་ན་རེ་བདུན་ཡིན་པའི་རྒན་པོ་གདུགས་དཀར་ཚང་ནི་ཁྲང་ཧྲིན་སྡོད་ཁུལ་དུ་ཡོད་པའི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ཞིག་ཡིན།  ཁོ་བཟའ་མི་གཉིས་དང་ཚ་བོ་བཅས་མཉམ་དུ་བསྡད་ཡོད་པ་དང་། ཁོ་བཟའ་མི་གཉིས་ཀྱི་བུ་དང་བུ་མོ་རྣམས་ཐག་ཉེ་ན་མེད་པས།  ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བ་ནས་བཟུང་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས་ལྟ་རྟོག་བྱེད་འགན་འཁུར་གྱི་ཡོད་ཟེར།

ཨ་ཁུ་གདུགས་དཀར།    དེ་རིང་རོགས་རམ་ཅི་ཞིག་བྱེད་རྒྱུ་ཡོད།   དབྱངས་ཅན་ལྷ་མཚོས་དེ་ལྟར་ངག་འཇམ་པོས་དྲིས་པར།

རོགས་རམ་བྱེད་རྒྱུ་གཞན་ཅི་ཡང་མེད།     ཁྱིམ་དུ་གཙང་སྤྲ་ཞིག་བྱེད་རོགས་བྱས་པས་ཆོག་ཅེས་རྒན་པོ་གདུགས་དཀར་གྱིས་དེ་ལྟར་ལན་བཏབ།

ཡ་ཡ།   ངས་མྱུར་དུ་གཙང་སྤྲ་བྱས་ཆོག   དབྱངས་ཅན་ལྷ་མཚོས་དེ་ལྟར་བཤད་རྗེས་མོའི་ལས་གྲོགས་རྣམས་དང་མཉམ་དུ་ཨ་ཁུ་གདུགས་དཀར་ཚང་གི་ཁྱིམ་དུ་གཙང་སྤྲ་བྱེད་མགོ་བརྩམས།

རྒན་པོ་གདུགས་དཀར་གྱི་རྐང་པ་དེ་འདྲ་བདེ་མོ་ཞིག་མིན་མོད།  དབྱངས་ཅན་ལྷ་མཚོ་སོགས་ཀྱིས་ཁྱིམ་དུ་གཙང་སྤྲ་བྱས་པ་དང་མཉམ་དུ།   ཁོས་ཀྱང་འགྲམ་དུ་རོགས་རམ་བྱས་ནས་ཕྱིས་ཙམ་དང་ཕྱགས་ཙམ་བྱེད་བཞིན་འདུག   ལོ་མང་པོའི་རིང་ཁྱེད་ཚོས་གཉེན་ཉེ་ཞིག་དང་འདྲ་བར་ངེད་རྒན་རྒོན་གཉིས་ལ་ལྟ་རྟོག་བྱས་པར་མ་ཟད། ཉེ་ལམ་ངེད་ཚང་གནས་སྤོར་བྱེད་སྐབས་སུ་ད་དུང་འགྲོ་གྲོན་གཏོང་རོགས་ཀྱང་བྱས་པས་ཁྱེད་ཚོར་བཀའ་དྲིན་ཆེ།   ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ།  སྐབས་དེར་ཨ་ཁུ་གདུགས་དཀར་གྱིས་དེ་ལྟར་བཀའ་དྲིན་ཞུས་བྱུང་།

རེད་ཡ།  ཐེངས་སྔོན་མར་ཁ་པར་བརྒྱབ་སྟེ་ཁྱོད་ཚོས་ཆམ་པའི་སྨན་ཉོ་རོགས་བྱས་པ་དེ།  དུས་ཚོད་ཕྱེད་ཀ་མ་འགོར་བར་སྨན་བསྐྱལ་ནས་ཐོན་བྱུང་།  ངོ་མ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་ཨ་ཁུ་གདུགས་དཀར་གྱི་ཆུང་མས་དེ་ལྟར་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་པ་རྣམས་ལ་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་འདུག

ད་ལྟ་ཨ་ཁུ་གདུགས་དཀར་བཟའ་མི་གཉིས་ཀྱིས་སྲིད་གཞུང་གིས་ཉོས་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་བྱེད་ཀྱི་ཡོད་པ་དང་།   ད་དུང་ལོ་རེ་བཞིན་སྒོར་མོ་དགུ་བརྒྱ་དང་ལྔ་བཅུ་ཡི་རོགས་དངུལ་ཡང་ལེན་བཞིན་ཡོད། དེ་མིན་ཁྱིམ་གྱི་དོན་དག་ཆེ་ཆུང་ཚང་མར་ཞབས་ཞུ་མི་སྣས་ལྟ་རྟོག་བྱེད་བཞིན་ཡོད་པས།  རྒས་དུས་འཚོ་རྟེན་ཡོད་པ་ཞེས་པ་དངོས་གནས་མངོན་འགྱུར་བྱུང་ཡོད།

ཉེ་བའི་ལོ་ཤས་རིང་།  ཐེམ་ཆེན་རྫོང་གིས་གཞི་རྒྱ་སྔར་ལས་ཆེ་བ་དང་།  ཞབས་ཞུའི་སྣ་ཁ་སྔར་ལས་མང་པ། རོང་འབྲོག་ཁུལ་གྱི་དོན་དངོས་དང་མཐུན་པ་བཅས་ཀྱི་གཞི་རིམ་གྱི་རྒན་གསོའི་མ་ལག་འཛུགས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།    ཡུལ་ཚོ་དང་གྲོང་རྡལ་སོ་སོར་ཁྱབ་པའི་རྫོང་གི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་བཙུགས་ནས།   རྫོང་ཡོངས་ཀྱི་ལོ་བརྒྱད་ཅུ་ཡན་གྱི་སྤྱི་ཚོགས་རྒན་རྒོན་དང་ལོ་དྲུག་ཅུའི་ཡན་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་།    འཚོ་བར་དཀའ་ངལ་ཡོད་པའི་རྒན་རྒོན་བཅས་ལ་ཁྱོན་ཡོངས་ནས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱས་ཏེ།   རྒན་རྒོན་སྔར་ལས་མང་པོ་ཞིག་ལ་རྒན་གསོའི་ཐད་སེམས་ཁྲལ་མེད་པ་བཟོས་ཡོད་ཅེས་ཐེམ་ཆེན་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་ཁོན་ཐར་རྒྱལ་གྱིས་དེ་ལྟར་བཤད།

                                                                       ཡིག་སྒྱུར་བ། གཡང་འབུམ་རྒྱལ།