གངས་རིའི་འདབས་སུ“བསླེས”པའི་ཕྱུག་འགྱུར་ལམ་བུ།
2024.03.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 2

སྲིད་པའི་གངས་རྒན་ཨ་མྱེ་རྨ་ཆེན་ནི་དྲི་མེད་དྭངས་གཙང་གི་ཁ་བས་ཀུན་ནས་གཡོགས་ཤིང་། གནམ་སའི་མཚམས་སུ་ལྷང་ངེར་འགྱིང་ཡོད་པས། ཕྱོགས་གང་ནས་བལྟས་ཀྱང་ཕྱིང་ཞྭ་མནབས་པའི་རྒན་པོ་ཞིག་དང་གཉིས་སུ་མ་མཆིས།

གསར་འགོད་པ་གངས་རིའི་འདབས་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་གཡོན་ཁོག་སྡེ་བ་རུ་འབྱོར་དུས། བུད་མེད་འགའ་མཉམ་དུ་འཛོམས་ནས་ཁ་བརྡ་བྱེད་ཞོར་དུ་ཕྱིང་པ་བཟོ་བཞིན་ཡོད། ཅུང་མ་འགོར་བར། ཁོ་མོ་ཚོའི་ལག་ནས་ཕར་སྣོག་ཚུར་སྣོག་བྱེད་བཞིན་པའི་ལུག་བལ་དེ་དག་ནི་བཟོ་ལྟ་མི་འདྲ་བའི་ཕྱིང་པའི་རྩེད་ཆས་སྣ་ཚོགས་སུ་གྱུར། དེ་ལྟ་བུའི་ལག་ཤེས་ཐོན་རྫས་ནི་ཡུལ་དེའི་བུད་མེད་རྣམས་ཀྱིས་དུས་ཚོད་གཏོང་ཐབས་ཀྱི་རོལ་རྩེད་ཙམ་མ་ཡིན་པར། ཁོ་མོ་ཚོའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལམ་དུ་སྐྱོད་པའི་ལག་ཤེས་ཐོན་རྫས་གལ་ཆེན་ཞིག་རེད།

ང་ཚོས་རྒྱུས་ལོན་བྱེད་སྐབས། མི་ཚང་མས་མཉམ་ལས་ཁང་ཞིག་གི་གཏམ་རྒྱུད་གླེང་བཞིན་འདུག མ་གཞི་དེ་ནི་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་གཡོན་ཁོག་སྡེ་བའི་རི་སེར་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་རེད། རི་སེར་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་ནི2013ལོར་བཙུགས་ཤིང་། དང་ཐོག་མཉམ་ལས་ཁང་གིས་འོ་མ་དང་ཞོ། ཤ་སྐམ་སོགས་ཕྱུགས་ལས་ཐོན་རྫས་བྲིན་ཚོང་བྱ་རྒྱུ་གཙོ་བོར་བྱས་པ་དང་། 2019ལོ་ནས་བཟུང་། མཉམ་ལས་ཁང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་རིགས་རིག་གནས་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཁྱད་ལྡན་ཚོང་རྟགས་སྐྲུན་པ་དང་འབྲེལ་ཡོད་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་སྒྲིག་བཟོ་བྱེད་པ་གཙོ་གནད་དུ་བཟུང་སྟེ་ནོར་རྩིད་དང་ལུག་བལ་གྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་དང་ལག་ཤེས་གཙག་དྲུབ་སོགས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་པར་མ་ཟད། ནོར་རྩིད་དང་ལུག་བལ་ཕྱིར་འཚོང་དང་ལག་རྩལ་གསོ་སྦྱོང་། ལག་རྩལ་སྤེལ་རེས་དང་བློ་འདྲིའི་ཞབས་ཞུ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་སོགས་ཀྱི་འགན་ཁུར་བ་རེད།

དང་ཐོག་ཕྱུགས་ལས་ཐོན་རྫས་བྲིན་ཚོང་བྱེད་པ་ནས་ད་ལྟའི་ལག་ཤེས་ཐོན་རྫས་བཟོ་བའི་འགྱུར་ལྡོག་ནི་མཉམ་ལས་ཁང་གི་འགན་ཁུར་པ་སྒྲོལ་མ་སྐྱིད་ཀྱི་སྣེ་ཁྲིད་འོག་བྱུང་བ་རེད། གངས་རི་ཡུལ་ཚོ་རུ་ལྟེ་ཁྲག་ས་ལ་འཕོས་ཤིང་ལང་ཚོའི་འདབ་ལག་རྒྱས་པའི་སྒྲོལ་མ་སྐྱིད་ལ་མཚོན་ན། ཁོ་མོའི་ཡབ་མེས་རྣམས་འཚོ་སྡོད་བྱེད་སའི་ས་གཞི་དང་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་བུད་མེད་རྣམས་སེམས་སུ་བཅངས་ནས། སྔ་འདང་ཕྱི་བསམ་བྱས་མཐར། ནོར་ལུག་གི་སྟེང་ནས་ཡོང་སྒོ་འཚོལ་རྒྱུ་ནི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་བསམས། དེ་ལྟ་བུའི་བསམ་བློའི་འཁྱེར་ཕྱོགས་ཤིག་ལ་བརྟེན་ནས་སྒྲོལ་མ་སྐྱིད་ཀྱིས་ཕ་ཡུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་སྙིང་ལ་བཅངས།

“ནོར་རྩིད་དང་ལུག་བལ་གྱིས་བཟོས་པའི་ལག་ཤེས་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་ནི་ས་གནས་དེ་གར་ཡོད་པར་མ་ཟད། སྡེ་བའི་བུད་མེད་རྣམས་ལ་མཚོན་ནའང་རང་གི་སྒོ་ཁ་ནས་ཤེས་སླ་བའི་ལག་རྩལ་ཞིག་ཡིན། འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་རྗེས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རིག་གནས་ཡུལ་སྐོར་ཅུའུ་ཡི་ལས་བྱེད་མི་སྣའི་སྣེ་ཁྲིད་འོག ང་དང་མཉམ་ལས་ཁང་གི་ལས་རོགས་རྣམས་ཧྲང་ཧའེ་རུ་ཐེངས་དང་པོར་སོང་བར་མ་ཟད། ཧྲང་ཧའེ་སློབ་ཆེན་དང་ཧྲང་ཧའེ་མཛེས་རྩལ་སློབ་གླིང་དུ་ལག་ཤེས་ཐོན་རྫས་བཟོ་བའི་ཐད་ཀྱི་གསོ་སྦྱོང་བྱས་པ་ཡིན”ཞེས་སྒྲོལ་མ་སྐྱིད་ཀྱིས་དེ་ལྟར་བཤད། ཧྲང་ཧའེ་རུ་སོང་བ་དེས་ཁོ་མོར་སེམས་ཤུགས་བསྩལ་བ་དང་མཉམ་ལས་ཁང་གི་སྣེ་ལེགས་པོར་ཁྲིད་པའི་འདུན་པ་ཆེན་པོ་སྐྱེས་སུ་བཅུག དེ་དང་མཉམ་དུ་འབྲེལ་ཡོད་སྡེ་ཁག་གིས་ཀྱང་མཉམ་ལས་ཁང་ལ་འོས་ཤིང་འཚམ་པའི་ལས་སྣོན་ཁེ་ལས་འཚོལ་རོགས་བྱས།

སྲོལ་རྒྱུན་དང་དེང་རབས་ཀྱི་ལས་སྣོན་བྱེད་སྟངས་ཟུང་འབྲེལ་བྱས་ཏེ། ལག་ཤེས་ཐོན་རྫས་ཀྱི་སྤུས་ཚད་ཇི་ལྟར་མཐོ་རུ་གཏོང་བའི་སྐོར་ནས་གསོ་སྦྱོང་སློབ་ཁྲིད་ཅིག་བྱས་པ་བརྒྱུད། གཡོན་ཁོག་སྡེ་བའི་བུད་མེད་ཚོས་རིམ་བཞིན་བཟོ་རྩལ་ཁོང་དུ་ཆུད་པ་དང་། ཁོ་མོ་ཚོའི་ཐོན་རྫས་ཀྱི་གྲངས་འབོར་འཕར་བ་དང་སྤུས་ཚད་ཀྱང་ཇེ་ལེགས་སུ་ཕྱིན་པས། མཉམ་ལས་ཁང་གིས་ད་དུང་ཆེད་དུ་ལག་ཤེས་ཐོན་རྫས་བཟོ་བའི་ལས་སྒྲུབ་ཁང་ཞིག་བཙུགས།

“བུད་མེད་གནམ་གྱི་ཕྱེད་ཀ་ཡིན”ཞེས་པ་ལྟར། ཚང་མས་ཞིབ་ཚགས་ངང་བཟོས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་རེ་རེ་མཐོང་སྐབས་སྒྲོལ་མ་སྐྱིད་ཀྱི་སེམས་སུ“གནམ་གྱི་ཕྱེད་ཀ”ཞེས་པའི་སྐད་ཆ་དེ་དྲན་པའི་མོད་ལ། ལས་སྒྲུབ་ཁང་གི་མིང་ལ་ཡང“གནམ་གྱི་ཕྱེད་ཀ”ཞེས་བཏགས། ཡུལ་དེའི་བུད་མེད་རྣམས་ཀྱིས་བཟོས་པའི་མི་རིགས་ཀྱི་ཁྱད་ལྡན་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ལ་ཁྲོམ་ར་ནས་དགའ་བསུ་ཆེན་པོ་ཐོབ་པས། ལས་སྒྲུབ་ཁང་ཡང་མགོ་ལོག་ཁུལ་གྱི་དམངས་ཁྲོད་རིག་གནས་འགྲེམ་སྟོན་གླིང་གི་གྲས་སུ་ཚུད་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་བགྲོད་ལམ་གསར་པ་ཞིག་ཏུ་གྱུར།

མིག་སྔར། མཉམ་ལས་ཁང་དུ་གཏན་འཁེལ་གྱི་བུད་མེད་ལག་ཤེས་པ་སྐོར་ཞིག་ཡོད་པར་མ་ཟད། ད་དུང་རང་ཁྱིམ་དུ་ཐོན་རྫས་བཟོ་བཞིན་པའི་བུད་མེད་སྐོར་ཞིག་ཀྱང་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མཉམ་ལས་ཁང་གིས་ས་གནས་དེའི་བུད་མེད་རྣམས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་རོགས་བྱས་པ་དང་མཉམ་དུ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལའང་སྐུལ་ཁྲིད་ནུས་ལྡན་བྱས་པས། སྒྲོལ་མ་སྐྱིད་ཀྱིས་རང་གི་ལག་ལེན་དངོས་ལ་བརྟེན་ནས“བུད་མེད་གནམ་གྱི་ཕྱེད་ཀ་ཡིན”ཞེས་པའི་གཏམ་དཔེ་དེ་ལ་ར་སྤྲོད་ལེགས་པོ་བྱས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།