བལ་ནག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
2024.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

བལ་ནག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།

“ཚང་མ་བདེ་མོ་ཡིན་ནམ། ངའི་ཐད་གཏོང་ཁང་དུ་ཐོན་པར་དགའ་བསུ་ཞུ། ད་ལྟ་ཁྱེད་ཀྱི་མིག་ལམ་དུ་མངོན་པའི་ཐོན་རྫས་འདི་ནི་ང་ཚོའི་བཟོ་གྲྭས་བཟོས་པའི་བལ་ནག་གི་ཉལ་ཐུལ་ཡིན། ཡང་མོ་དང་དྲོན་པོ་ཡིན་པས། ཁྱེད་ཀྱིས་བཀོལ་ན་གཉིད་ཁུགས་པར་ཕན།”

“ཉལ་ཐུལ་གྱི་ཆེ་ཆུང་ག་འདྲ་ཡིན”ཞེས་དྲ་གྲོགས་ཤིག་གིས་དཔྱད་བརྗོད་སྤེལ་སའི་ནང་དུ་དེ་ལྟར་དྲིས།

“ང་ཚོར་མི་གཉིས་དང་མི་གཅིག་གིས་བཀབ་ཆོག་པའི་ཉལ་ཐུལ་སྣ་ཁ་གཉིས་ཡོད་པས་གང་བདམས་ནའང་ཆོག མི་གཉིས་ཀྱིས་འགེབ་པའི་ཉལ་ཐུལ་གྱི་ཆེ་ཆུང་ནི་ཞེང་ལ་སྨི་གཉིས་དང་རིང་ཚད་ལ་སྨི་གཉིས་དང་གྲངས་ཆུང་གསུམ་ཡིན། མི་གཅིག་གིས་བཀབ་ཆོག་པའི་ཉལ་ཐུལ་གྱི་ཆེ་ཆུང་ནི་ཞེང་ལ་སྨི་གཅིག་དང་གྲངས་ཆུང་བཅུ་དང་རིང་ཚད་ལ་སྨིན་གཅིག་དང་གྲངས་ཆུང་ལྔ་ཡིན་པས། རང་གི་དགོས་མཁོ་ལྟར་ཉོས་ཆོག”

ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོ་རྟ་ལུང་སྡེ་བའི་མཐོ་སྒང་བལ་ནག་ལས་སྣོན་བཟོ་གྲྭའི་ནང་བཟོ་གྲྭའི་འགན་འཁུར་པ་ཡུམ་བྷ་དང་བསོད་ནམས་སྐྱིད་གཉིས་ཀྱིས་ཐད་གཏོང་ནང་དུ་ཚོང་རྒྱག་བཞིན་འདུག་ལ། མཚམས་ལན་རེར་ཐད་གཏོང་ནང་དུ་དྲ་གྲོགས་རྣམས་ལ་ཁ་བརྡ་བྱེད་བཞིན་ཡོད།

“བལ་གྱི་ཉལ་ཐུལ་འདི་ནམ་ཞིག་ལ་བསྐུར་ཐུབ་བམ།”

“སང་ཉིན་བསྐུར་ཐུབ། གྲོགས་པོ་རྣམས་ཀྱིས་ཉིན་གསུམ་ནས་ཉིན་ལྔ་ལ་བསྒུགས་ན་ཆོག ངེད་ཚང་གི་དྲོད་འཇམ་བལ་གྱི་ཉལ་ཐུལ་དང་མཐུག་པོའི་འདྲུད་ལྷམ། ཞིབ་མོར་བཟོས་པའི་བལ་གྱི་སྐེ་དཀྲིས་སོགས་བལ་ནག་གི་ཐོན་རྫས་འདི་དག་ཉོས་ན་མྱུར་མོར་ཁྱེད་ཚོའི་ལག་ཏུ་འབྱོར་ཐུབ།”

གློག་རྡུལ་ཚོང་ལས་ལ་འཇུས་པ་ནས་བཟུང་། ཡུམ་བྷས་འཁྱུག་དབྱིངས་དང་མགྱོགས་འཕྲིན་གྱི་སྟེགས་བུ་བརྒྱུད་ནས། ཕྱིར་འཚོང་གི་ཐབས་ལམ་རྒྱ་བསྐྱེད་ཅིང་ལུག་བལ་ཉལ་ཐུལ་གྱི་ཕྱིར་འཚོང་ཐད་ཀར་མཐོར་འདེགས་བཏང་། “ལོ་གསར་སྐབས་སུ་ཉལ་ཐུལ360བཙོངས་ཟིན”ཞེས་ཡུམ་བྷས་དེ་ལྟར་བཤད། ཁོའི་ལུག་བལ་གྱི་ཉལ་ཐུལ་ཞིང་ཆེན་ནང་ཁུལ་དུ་བཙོངས་པར་མ་ཟད། ད་རུང་དྲ་སྦྲེལ་བརྒྱུད་ནས་ཀན་སུའུ་དང་ལྷ་ས། བྱང་ཤར་ས་ཁུལ། སི་ཁྲོན་སོགས་ཀྱི་ས་ཆ་ལའང་འཚོང་བཞིན་ཡོད།

“ལོ་གསར་གྱི་སྔོན་དུ། བཟོ་པ་རྣམས་ཀྱིས་ལས་ཡུན་བསྲིངས་ཅི་ཐུབ་ཀྱིས་བལ་ནག་གི་ཐོན་རྫས་རྣམས་དྲས་ཤིང་བཟོས་ཏེ་ལོ་གསར་སྐབས་ཀྱི་མངག་ཉོ་བྱས་ཡོད་པའི་ཚོང་རྫས་ཚང་མ་གྲ་སྒྲིག་བྱས་པ་ཡིན”ཞེས་ཡུམ་བྷ་ཡིས་རི་མོ་སྣ་ཚོགས་གཙགས་ཡོད་པའི་ཉལ་ཐུལ་གསར་འགོད་པར་སྟོན་ཞོར་དུ་དེ་ལྟར་མཚམས་སྦྱོར་བྱས།

ཀོས་ནན་རྫོང་དུ་ཁྱིམ་ཚང་ཚང་མས་ནོར་ལུག་གསོས་ཡོད་ལ། འོ་མའི་ཐོན་རྫས་དང་ཤའི་ཐོན་རྫས་ལ་བརྟེན་ནས་ཁེ་སྤོགས་རག་བཞིན་ཡོད། ཆུང་དུས་ནས་ནོར་ཁྱུ་དང་ལུག་ཁྱུའི་གསེབ་ནས་འཚར་ལོངས་བྱུང་ཞིང་ལུག་བལ་གྱི་དྲོད་འཇམ་ལོངས་སུ་སྤྱོད་བཞིན་པའི་ཡུམ་བྷ་ཡིས་ཀོས་ནན་རྫོང་མི་དམངས་སྲིད་གཞུང་གིས་བལ་ནག་ལས་དོན་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་མིག་དབང་བལ་ནག་ཐོན་ལས་ཀྱི་སྟེང་དུ་གཏད།

“སྐབས་དེར་སྡེ་མི་མང་པོ་ཞིག་གིས་མིག་དབང་ལུག་ཤ་ཕྱིར་འཚོང་གི་སྟེང་དུ་གཏད་ཡོད་ལ། བྲེགས་ཡོང་བའི་བལ་ནག་བེད་མེད་དུ་བསྐྱུར་ཡོད་པ”ཡི་གནས་ཚུལ་དེ་མཐོང་རྗེས། ཡུམ་བྷས་ཚོང་གླགས་དེ་རྙེད་ནས། རང་ཡུལ་གྱི་མང་ཚོགས་རྣམས་ལ་ཆེས་རྒྱུས་མངའ་ཆེ་བའི་ལུག་བལ་ལ་འཇུས།

ཡུམ་བྷའི་མིག་ནང་དུ། བལ་ནག་གི་ཚི་སྣ་རིང་བ་དང་ཁུལ་གྱི་རྫོང་མཐུག་ཅིང་དྲོད་ཆེ་བ་དེ་ནི་ཁྲོམ་ར་འཛིན་ཐུབ་པའི་གནད་འགག་ཡིན་པར་འདོད། “ཡང་བ་དང་འཇམ་པོ་ཡིན་པ་ལས་གཞན་བལ་ནག་ལ་ད་རུང་རླུང་འཇིབ་རྔུབ་ཀྱི་ཁྱད་ཆོས་ཡོད་པས་བརླན་ཚད་ལེགས་སྒྲིག་བྱེད་ཐུབ་པ་དང་མི་ལུས་ལ་གཉིད་སྐྱིད་པོ་ཁུགས་པའི་ཁོར་ཡུག་བསྐྲུན་ཐུབ། དེ་ལས་གཞན། སྲིན་འགོག་འབུ་འགོག་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན”ཞེས་ཡུམ་བྷ་ཡིས་གསར་འགོད་པར་དེ་ལྟར་བཤད།

བསམ་ཚུལ་དེ་སྐྱེས་རྗེས། ཀོས་ནན་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག ཡུམ་བྷས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་དྲུག་དང་དྲུག་བརྒྱ་རེ་དྲུག་ཡོད་པའི་བལ་ནག་གི་བཟོ་གྲྭ་ཞིག་ཕྱེ་ནས་འཕྲུལ་ཆས་སྣ་ཚོགས་ཉོས་ཤིང་། ལས་སྐྲུན་གྱི་ཕུགས་འདུན་མངོན་འགྱུར་བྱས་པ་དང་མཉམ་དུ། ཡུལ་ཕྱོགས་ཀྱི་འབྲོག་པ་རྣམས་ལ་སྣེ་ཁྲིད་དེ་བལ་ནག་འཐག་པའི་འཚོ་བ་གསར་པ་རོལ་དུ་བཅུག

སྡེ་མི་སྔར་ལས་མང་པོ་ཞིག་ལ་སྒོར་མོ་འཚོལ་དུ་འཇུག་པ་དང་འཚོ་བ་སྐྱིད་པོ་རོལ་དུ་འཇུག་ཆེད། ཡུམ་བྷས་རང་འགུལ་གྱིས་འབྲོག་པ་རྣམས་ཀྱི་བལ་ནག་ཉོས། “སྔོན་ཆད་བལ་ནག་བེད་མེད་དུ་བསྐྱུར་ཡོད། ད་ལྟ་ང་ཚོས་བལ་བྲེགས་རྗེས་ཡུམ་བྷ་ཉོ་རུ་ཡོང་བར་བསྒུགས་ནས་བསྡད་ན་ཆོག རིན་གོང་ཡང་སྤྱི་རྒྱ་རེར་སྒོར་ལྔ་རེད། ང་ཚོས་སྒོར་མོ་འདི་དག་གིས་གཟན་རྩྭ་ཉོས་ཆོག་ལ་ཁྱིམ་ཚང་གི་ཁ་གསབ་ཀྱང་བྱས་ཆོག”སྔོན་ཆད་ཁོ་ཚོས་ཕྱིར་གཡུག་ཡོད་པའི་བལ་ནག་དེ་དག་གཅེས་ནོར་དུ་འགྱུར་ཐུབ་པ་སྡེ་མི་ཟླ་བའི་སེམས་ལའང་དྲན་མ་མྱོང་།

ཡུམ་བྷས་ད་རུང་འབྲོག་པ་རྣམས་ལ་ལས་ཀ་བཙལ་བ་དང་ཁོ་ཚོར་ཁྱིམ་ཚང་གི་སྒོ་ཁ་རུ་རྩལ་ནུས་ཤིག་འབྱོར་དུ་བཅུག་ནས་ཡོང་སྒོ་འཕར་བའི་ཐད་ལ་འབད་བརྩོན་བྱེད་ཀྱིན་ཡོད། ཡུམ་བྷས། བལ་གྱི་ཉལ་ཐུལ་བཟོ་བ་ནི་ལས་རིམ་རྙོག་འཛིང་དང་དཀའ་ཚེགས་ཆེ་ལ། ཐོག་མར་རྒྱུ་ཆ་ཉོ་དུས་བལ་སྟེང་གི་རིལ་ལུད་དང་ཚིལ་སེལ་དགོས་པ་ལས་གཞན། ཡང་དང་བསྐྱར་དུ་བཀྲུས་ནས་དྲི་མ་ལེན་དགོས། དེ་ནས་བསིལ་སྐམ་དང་གསེད་པ། འཕུར་མཉེད་བཅས་བྱས་རྗེས། ལུག་བལ་རྣམས་ཉལ་ཐུལ་གྱི་ནང་མ་བྱས་པ་དང་། དྲོད་འཇམ་བལ་གྱི་ཉལ་ཐུལ་རེ་རེ་བཞིན་བཟོ་དགོས། འབྲོག་པ་རྣམས་ལས་རིམ་འདི་དག་གི་ནང་དུ་ཞུགས་ཆོག

“ལུག་བལ་བཟོ་གྲྭ་བཙུགས་རྗེས། ངའི་བལ་ནག་ལ་གཏན་འཇགས་ཀྱི་ཕྱིར་འཚོང་གི་ལམ་ཁ་ཡོད་པར་གྱུར་ནས། ཁྱིམ་ཚང་ལ་བདག་སྐྱོང་བྱེད་ཐུབ་པར་མ་ཟད། ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཞུགས་ཡོང་འབབ་འཕར་སྣོན་མངོན་འགྱུར་བྱེད་ཐུབ”ཅེས་བཤད་པའི་བསོད་ནམས་རྒྱལ་བཟོ་གྲྭའི་ནང་དུ་ལས་ཚོགས་སུ་ཞུགས་ཡོད་ལ། ཁོས་སྔོན་ཆད་ཕྱུགས་འཚོ་བ་ལས་ཅི་ཡང་མི་ཤེས་མོད། འོན་ཀྱང་ད་ལྟ་འཕྲུལ་ཆས་བཀོལ་སྤྱོད་ལ་བྱང་ཡོད།

བཅར་འདྲི་བྱེད་པའི་ཁྲོད་དུ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བཟོ་གྲྭའི་ནང་ཁྱིམ་ཚང་བཅུ་ལྷག་གི་བཟོ་བ་བཞི་བཅུ་ལྷག་བསྡུས་ཡོད། བཟོ་པ་རེའི་ལོ་རེའི་ཡོང་སྒོར་སྒོར་ཁྲི་གཉིས་ཡན་ལ་སླེབས་པས། དབུལ་ཐར་ཁྱིམ་ཚང་གི་དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བར་ཕན་ཆེན་པོ་ཐོགས།

དེ་ལས་གཞན། ཀོས་ནན་བལ་ནག་གི“ཕྲ་མོ། འཇམ་པོ། གཙང་མ། དྲོན་པོ”བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས། བལ་གྱི་ཉལ་ཐུལ་བཟོ་བ་ལས་གཞན། ད་རུང་བལ་གདན་དང་སྔས་འབོལ། ཉལ་གདན། སྐེ་དཀྲིས། འདྲུད་ལྷམ་སོགས་ཀྱི་བལ་ནག་ཐོན་རྫས་གསར་པ་རབ་དང་རིམ་པ་གསར་སྤེལ་བྱས། བཟོ་གྲྭས་ད་རུང་རྒྱུན་ཆད་མེད་པར་ཐོན་སྐྱེད་ལག་རྩལ་མཐོར་འདེགས་དང་བཟོ་རྩལ་བསྒྱུར་བཀོད། སྤུས་ལེགས་རྒྱུ་ཆ་ལེགས་འདེམས། ཐུམ་འཇུག་གི་རྒྱུ་སྤུས་མཐོར་འདེགས་བཅས་བྱས་ཏེ། བལ་ནག་ཐོན་རྫས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཇེ་ཡངས་ནས་ཇེ་ཡངས་སུ་བཏང་།

ཐར་ཤུལ་ཡུལ་ཚོ་རྟ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལིག་ཝེ་སའོ་ཡིས“ལོ་འདི་འགའི་རིང་ལ། ཀོས་ནན་རྫོང་གིས་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་བཙུགས་ཏེ། བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་སྟེ་ཐོན་ལས་ཆེན་པོ་ལྔ་འབུར་དུ་དོད་ནས་འཛུགས་སྐྲུན་བྱས་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཟོང་རྟགས་བསྐྲུན་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད”ཅེས་བཤད་པ་དང་། ཕྱིན་ཆད་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འཕེལ་རྒྱས་དང་རྒྱ་བསྐྱེད་ཀྱི་ལམ་ཁར་བསམ་གཞིག་དང་འཆར་གཞི་བཀོད་ནས། ཐོན་ལས་སྦྲེལ་ཐག་ཁྱོན་ཡོངས་ནས་བསྲིང་རྒྱུ་དང་། ཀོས་ནན་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་བལ་ནག་ཐོན་ལས་དེ་རྫོང་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྣེ་འདྲེན་སྟོབས་ལྡན་ཞིག་ལ་འགྱུར་དུ་འཇུག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།