གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ལེགས་པོར་གཏོང་དགོས།
2024.03.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

“‘ཞིང་གསུམ’གྱི་རྨང་གཞི་ལེགས་པོར་བསྲུང་བ་དང་།‘ཞིང་གསུམ’གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་འགན་འཁྲི་ལྕི་ལ་ལས་འགན་དཀའ་ཚེགས་ཆེ་ཞིང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད།” དཔྱིད་ཀའི་ཉི་འོད་དྲོ་ཞིང་འཇམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་ཀླུས་ལུང་སྡེ་བའི་སྡེ་དམངས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲའོ་ཁྲའོ་ཅུན་གྱིས་བྱ་བའི་རུ་ཁག་གི་ཁོངས་མི་ཚོར“ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་ཐད་ཀྱི་མཇུག་མཐའི་སྐུལ་སློང་གཏོང་བཞིན་ཡོད།

“ང་ཚོའི་སྡེ་བའི་སྡེ་དམངས་རྣམས་ཅུང་ཐར་ཐོར་དུ་གཞིས་ཆགས་ཡོད་པས། ཚང་མས་ཚན་ཆུང་བགོས་ནས་ཁྱིམ་ཚང་དུ་སོང་སྟེ‘ཁ་ཐུག་ངོ་ཐུག’གིས་སྒྲོག་འགྲེལ་བྱེད་ཆོག་ལ། ཁྱིམ་ཚང་བར་ཐག་ཅུང་ཉེ་བ་དག་གཅིག་ཏུ་བསྡུས་ནས་སྒྲོག་འགྲེལ་བྱེད་ཀྱང་ཆོག”ཅེས་ཀྲའོ་ཁྲའོ་ཅུན་གྱིས་དེ་ལྟར་བཤད། སྡེ་བ་ཅུང་ཆེ་བའི་རྐྱེན་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ལམ་ཐག་རིང་པའི་སྡེ་མི་རྣམས་ཀྱིས་རླངས་འཁོར་བསྐོར་ནས་ཡོང་ནའང་དུས་ཚོད་གཅིག་ལྷག་འགོར། སྐུལ་སློང་ཚོགས་འདུས་ཕྱོགས་གཅིག་ནས་ཚང་མར་སྐུལ་མ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་མཉམ་དུ་དཔྱད་བསྡུར་བྱས་པ་སྟེ། མདོར་དྲིལ་ན“སློབ་སྦྱོང་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་ཁྲོད་ཀྱི“ནང་དོན”མང་ཚོགས་ལ་གསལ་པོ་དང་ཧ་གོ་བར་བཤད་པ་དང་། ཁོ་ཚོས་ཉན་ན་གོ་ཞིང་ཉན་སྤྲོ་བར་བཤད་དགོས།

སྐུལ་སློང་ཚོགས་འདུ་གྲོལ་རྗེས། ཀྲའོ་ཁྲའོ་ཅུན་གྱིས་ལག་ཏུ་ཡིག་ཆའི་ཁུག་མ་བཟུང་བ་དང་བྱ་བའི་རུ་མིའི་སྣེ་ཁྲིད་དེ་སྡེ་བའི་ནང་དུ་སོང་། འདི་ནི་ཁོ་རང་སྡེ་བར་བསྡད་ནས་བྱ་བ་སྒྲུབ་པའི་ཚུན་དུ“ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་བྱེད་ཐེངས་གཉིས་པ་རེད། སྒྲོག་འགྲེལ་ཟུར་ཁྲིད་དཔྱད་ཡིག་ལག་ཏུ་མ་འབྱོར་བའི་སྔོན་དུ། ཁོས་དྲ་རྒྱ་བརྒྱུད་ནས་དེའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་བསླབ། “ཀློག་འགྲེལ་དཔྱད་ཡིག་མང་པོར་བལྟས་པས། ངས་གནད་ལ་འཁེལ་བའི་སྒོ་ནས་ཡིག་ཆའི་དགོངས་དོན་ལ་གོ་བ་ལེན་ཐུབ་སོང་།” ཀྲའོ་ཁྲའོ་ཅུན་གྱིས“ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་རོང་འབྲོག་མང་ཚོགས་ལ་ཡང་དག་པར་བརྒྱུད་སྤྲོད་བྱེད་ཆེད། ངས་ལེགས་སྒྲིག་བྱས་ནས་འགྲེལ་བཤད་བྱས་པའི་ནང་དོན་གནད་བཤུས་བྱས་པར་མ་ཟད། དུས་ཐོག་ཏུ་རུ་མི་དང་མཉམ་དུ་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱེད་རྒྱུ་ཡིན”ཟེར།

“《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི‘སྡེ་བ་སྟོང་དཔེ་སྟོན་དང་སྡེ་བ་ཁྲི་བཅོས་སྐྱོང’གི་བཟོ་འགོད་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ་གྲོང་གསེབ་ནུས་ཡོད་ཕན་ཡོད་སྒོས་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར》ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་རྗེས་སུ་ཁྱབ་སྒྲོག་བྱས་པའི‘ཞིང་གསུམ’བྱ་བར་མཛུབ་སྟོན་བྱས་ཐེངས་གཉིས་པའི‘ཡིག་ཆ་ཨང་དང་པོ’ཡིན་ལ། དུས་རབས་གསར་པའི་ཚུན་དུ་ཏང་ཀྲུང་དབྱང་གིས་བསྟུད་མར་སྤེལ་བའི‘ཡིག་ཆ་ཨང་དང་པོ’ཡིན།”སྡེ་མི་དཔལ་འབུམ་ཚང་དུ་སོང་ནས་ཀྲའོ་ཁྲའོ་ཅུན་གྱིས་ཐོག་མར་ཁོར‘ཡིག་ཆ་ཨང་དང་པོ’ཡི་སྤྱི་ཁོག་གི་སྒྲིག་གཞི་ངོ་སྤྲོད་བྱས། “ཡིག་ཆ་ཧྲིལ་པོ་ཁག་དྲུག་ཏུ་བགོས་ཡོད་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་། གཞི་ཁྱོན་ཅན་གྱི་བསྐྱར་དབུལ་མི་འབྱུང་བར་ཁག་ཐེག་བྱེད་པ། གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཏང་གིས‘ཞིང་གསུམ’བྱ་བར་ཁྱོན་ཡོངས་ནས་སྣེ་ཁྲིད་པར་ཤུགས་སྣོན་པ་སོགས་འདུས་ཡོད།”

དཔལ་འབུམ་གྱིས་སྒྲོག་འགྲེལ་ལ་ནན་ཏན་གྱིས་མཉན་རྗེས་རང་གི་བསམ་ཚུལ་བཏོན་པ་སྟེ།“ཡིག་ཆའི་ནང་དུ། ཞིང་པའི་ཡོང་འཕར་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་རྒྱུན་མཐུད་ངང་རྒྱ་བསྐྱེད་རྒྱུ། ཞིང་བའི་ཁྱིམ་ཚང་གིས་ཁྱད་ལྡན་འདེབས་གསོ་དང་ལག་ལས་ཁང་། ནགས་ལས་དཔལ་འབྱོར་སོགས་ཁྱིམ་ཚང་གཉེར་སྐྱོང་གི་ལས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་བསྟན་ཡོད་པས། ང་དང་ངའི་ཁྱིམ་མིས་གྲོས་སྡུར་བྱས་ཡོད། ད་ལོར་སྡེ་བའི་ནང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་དང་དེའི་ནང་དུ་ཧུར་ཐག་གིས་མ་རྐང་འཇོག་རྒྱུ་ཡིན། སྡེ་བ་འཕེལ་རྒྱས་བྱུང་ཚེ། ད་གཟོད་ང་ཚོའི་ཡོང་འབབ་ཀྱང་བསྟུད་མར་འཕར་ཐུབ”ཟེར།

“ཚང་མ་མར་ཙོག་ནས་བསྐོལ་མ་ཐག་པའི་འོ་ཇ་ཐུངས་བ་དང་།”དཔལ་འབུམ་ཚང་ནས་སྒོར་བུད་རྗེས། ཀྲའོ་ཁྲའོ་ཅུན་འཁོར་དང་བཅས་པ་སྡེ་དམངས་སྒོམ་པ་ཚང་ལ་ཐོན།

“ཨ་ཁུ་སྒོམ་པ་ལགས། ད་ལོའི‘ཡིག་ཆ་ཨང་དང་པོ’ལས་གཞི་ཁྱོན་ཅན་དུ་བསྐྱར་དབུལ་མི་འབྱུང་བར་ཁག་ཐེག་བྱེད་པ་དེ་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྟིང་མཐའི་འགན་འཁུར་དུ་བརྩིས་ཏེ་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད། ཡིག་ཆ་ལས་ཞིང་སྡེའི་སྨན་བཅོས་འགྲོ་གྲོན་མཐོ་བའི་ནད་པར་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། གཏན་འབེབས་ལྟར་སྨན་བཅོས་འགན་སྲུང་དང་སྐྱོབ་རོགས་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས་ཞེས་བཏོན་ཡོད།” སྒོམ་པས་རྒྱ་སྐད་ཅུང་ཙམ་ལས་མི་གོ་བས། ཁོའི་གམ་དུ་བསྡད་ཡོད་པའི་བྱ་བའི་རུ་མི་མཁའ་མོ་འཚོས་ཀྲའོ་ཁྲའོ་ཅུན་གྱི་སྐད་ཆ་རེ་རེ་བཞིན་བོད་སྐད་དུ་བསྒྱུར་ཏེ་སྒོམ་པར་བཤད།

2023ལོར། བརྟག་དཔྱད་བྱས་རྗེས་སྒོམ་པར་སྐྲན་ནད་ལྗིད་མོ་ཕོག་ཡོད་པ་ཤེས་ལ། སྨན་བཅོས་ཀྱི་དགོས་མཁོའི་དབང་གིས་ཐེངས་གཉིས་ལ་གཤགས་བཅོས་བྱས་ཤིང་མཆིན་པའི་ཕྱེད་ཀ་བཅད་ཡོད། གནས་ཚུལ་དེ་ཤེས་རྗེས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་སྡེ་སྡོད་བྱ་བའི་རུ་ཁག་ཐེངས་གང་མང་ལ་ཁྱིམ་ཚང་དུ་འཚམས་འདྲིར་སོང་རྗེས། སྒོམ་པ་དང་ཁོའི་ཆུང་མ་གངས་མོ་གཉིས་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གི་གྲས་སུ་བཞག་སྟེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་གཏན་འཁེལ་བྱས།

སྒོམ་པས“ཡིག་ཆ་ཨང་དང་པོ”ཡི་ནང་དུ་ཞིང་སྡེའི་སྨན་བཅོས་འགྲོ་གྲོན་མཐོ་བའི་ནད་པར་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་གཏོང་བར་ཤུགས་སྣོན་དང་རྒྱུན་མཐུད་སྨན་བཅོས་བྱེད་པ། སློབ་གསོའི་ལས་བྱེད་འཇོན་མིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་ཚན་རྩལ་ཆེད་མངགས་ཚོགས་པས་འདེམ་མངགས་བྱེད་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཤེས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས། ཁོས“ལོ་རེའི་དུས་འདི་ལ། སྡེ་སྡོད་བྱ་བའི་རུ་ཁག་གིས་ལོ་གསར་པའི་ནང་གི་ཏང་གི་སྲིད་ཇུས་བཟང་པོ་ཁོ་ཚོར་བཤད་བཞིན་ཡོད། ཏང་གི་སྲིད་ཇུས་བཟང་ཞིང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཚད་ཆེ་བ་དང་། སྡེ་བའི་ལས་བྱེད་པ་དང་སྡེ་སྡོད་བྱ་བའི་རུ་ཁག་ལ་འགན་འཁུར་གྱི་འདུ་ཤེས་དྲག་པོ་ཡོད་པས། ང་ཚོས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་ནུས་ཤུགས་ཡོད་རྒུ་འདོན་ངེས་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།