ད་ལྟ་ལས་སྟབས་བདེ་བའི་འཚོ་བ་ཞིག་མེད།
2024.03.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཨ་ཅེ།   ང་དེ་རིང་ཁྱེད་ལ་ལྭ་བ་བཀྲུ་རྒྱུ་ཡོད་མེད་ལ་ལྟ་རུ་ཡོང་བ་དང་ཞོར་དུ་ཁྱིམ་ལ་གཙང་སྤྲ་ཞིག་བྱེད་བསམ་ནས་ཡོང་ནི་ཡིན།   བདེ་སྐྱིད་དང་མོའི་ལས་རོགས་གཉིས་བཀྲ་ཤིས་སྒྲོལ་མའི་ཁྱིམ་དུ་ཐོན་ནས་དེ་ལྟར་བཤད་བཞིན་བཀྲ་ཤིས་སྒྲོལ་མར་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱེད་མགོ་བརྩམས།  ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ནད་གཡོག་མ་བདེ་སྐྱིད་ཀྱིས་རྒྱུན་ལྡན་གྱི་ལས་ཀ་ནི་རྒན་པ་རྣམས་ཀྱི་ཁྱིམ་དུ་གཙང་སྤྲ་བྱེད་པ་དང་གྱོན་གོས་བཀྲུ་བ། བཟའ་བཏུང་ལས་རོགས་བྱེད་པ།  སྐྲ་བཞར་བ་དང་དངོས་པོ་ཉོ་རོགས་བྱེད་པ། ཕྱི་རོལ་ཏུ་འགྲོ་རོགས་བྱེད་པ། ཅ་ལག་ཞིག་གསོ་བྱེད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དེ་ཡིན་ཟེར།  རོགས་བྱེད་རྒྱུ་ཅང་མེད། བུ་མོ་ཆུང་བ་ཐོན་ཡོད་པས། ད་ལྟ་མོས་ལས་རོགས་བྱེད་བཞིན་ཡོད།  ཁྱེད་ཚོས་ཇ་ཐུངས་ནས་ངལ་གསོ་བྱེད་རོགས་ཞེས་བཀྲ་ཤིས་སྒྲོལ་མ་སྤྲོ་སེམས་དང་བཅས་བདེ་སྐྱིད་ཀྱི་གམ་དུ་སོང་ནས་མོ་རང་འབོལ་ཁྲིར་འདུག་དུ་བཅུག

ད་ལོ་ལོ་ན62ཡིན་པའི་བཀྲ་ཤིས་སྒྲོལ་མ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དམངས་གཙོ་ལམ་སྡེ་ཁུལ་གྱི་སྡེ་མི་ཞིག་ཡིན་ཞིང་། རྐང་པ་བདེ་མོ་མིན་པར་དམིགས་ནས་སྡེ་ཁུལ་གྱི་མཐུན་སྦྱོར་འོག 2023ལོ་ནས་བཟུང་སྲིད་གཞུང་གིས་ཉོས་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་བྱེད་བཞིན་ཡོད།

2015ལོ་ནས་བཟུང་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ལོ60ཡན་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། ལོ་ན་རྒས་ཤིང་ལུས་ཟུངས་ཞན་པ། འགྲོ་འདུག་སྟབས་བདེ་མིན་པ། ལོ་ལོན་ཁེར་འདུག་སོགས་རྒན་རྒོན་ལ་དམིགས་ནས་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་ཀྱིན་ཡོད་པ་རེད། ད་ལྟའི་བར་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྲང་ལམ་བཞི་དང་ཡུལ་ཚོ་དང་གྲོང་རྡལ་གཅིག་ཚུད་པའི་རྒན་རྒོན1405ཡིས་ཞབས་ཞུ་དེ་ལོངས་སྤྱོད་བྱེད་ཐུབ་ཡོད། ནད་གཡོག་མི་སྣ69ཡིས་རྒན་རྒོན་རྣམས་ལ་གཟའ་འཁོར་རེར་ཉུང་མཐར་ཡང་ཞབས་ཞུ་ཐེངས་གཉིས་བསྒྲུབ་དགོས་པ་གཏན་འབེབས་བྱས་ཡོད།

བཀྲ་ཤིས་སྒྲོལ་མས་དགའ་སྤྲོའི་ངང་ངའི་རྐང་པ་བདེ་མོ་མིན་པ་དང་བྱིས་པ་རྣམས་ཀྱང་གམ་དུ་མེད་པས།  སྔོན་ཆད་སྡེ་ཁུལ་གྱི་མི་སྣ་རྣམས་དུས་རྒྱུན་དུ་ངའི་ཁྱིམ་དུ་ཡོང་ནས་ང་ལ་དཀའ་ངལ་དང་དགོས་མཁོ་ཅི་ཞིག་ཡོད་མེད་ལ་ལྟ་རྟོག་བྱེད་བཞིན་ཡོད།   ན་ནིང་ང་རང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ནང་ཚུད་པ་ནས་བཟུང་།  བདེ་སྐྱིད་གཟའ་འཁོར་རེ་རེར་ཐེངས་གཉིས་གསུམ་རེར་ང་ལ་ལས་རོགས་བྱེད་དུ་ཡོང་ནས་རང་གི་ཁྱིམ་མི་ཞིག་དང་འདྲ་བར་ང་ལ་གཉོར་སྐྱོང་བྱེད་བཞིན་ཡོད་པས་ཁོ་ཚོ་ང་ལ་ཧ་ཅང་དྲིན་ཆེན་ཡིན་ཟེར།

དེ་ལྟར་ཁ་བརྡ་བྱེད་བཞིན་པའི་སྐབས་སུ་བཀྲ་ཤིས་སྒྲོལ་མའི་བུ་ཡིས་རང་གི་བུ་མོ་ཁྲིད་ནས་ཁྱིམ་དུ་འཛུལ་ཡོང་ཞིང་། ཚ་མོ་དགའ་སྤྲོའི་ངང་ཨ་ཕྱིའི་པང་དུ་ལོག་པ་དང་བསྟུན་ནས་ཁང་པའི་ནང་དུ་བཟའ་མི་ཚང་མའི་དགའ་སྤྲོའི་དགོད་སྒྲས་ཁེངས།  བཀྲ་ཤིས་སྒྲོལ་མའི་བུ་བུ་མོ་བཞི་བོའི་ནང་དུ་ད་ལྟ་བུ་མོ་ཆུང་བ་མ་གཏོགས་ཚང་མ་གཉེན་སྒྲིག་བྱས་ཡོད། ད་ལྟ་བུ་མོ་ཆུང་བ་འཆི་མེད་དབྱངས་ཅན་སློབ་ཆེན་ནས་མཐར་ཕྱིན་ཏེ་རང་ཁྱིམ་དུ་ཕྱིར་ལོག་ནས་ཕ་མ་དང་མཉམ་དུ་བསྡད་ཡོད། འཆི་མེད་དབྱངས་ཅན་གྱིས་ད་ལྟ་ང་རང་སློབ་མཐར་ཕྱིན་ནས་ཕྱིར་ལོག་སྟེ་མང་པོ་འགོར་མེད་པ་དང་།  ཕུ་བོ་དང་ཨ་ཅེ་ལས་ཀར་བྲེལ་བ་ཆེ་བས་སྐབས་རེར་མ་གཏོགས་ཨ་མ་གཉོར་སྐྱོང་བྱེད་ཁོམ་མེད།   ན་ནིང་ཨ་མས་ང་ལ་ཁོ་མོ་དང་ཨ་ཕའི་འཚོ་བར་སེམས་ཁྲལ་བྱེད་མི་དགོས། ཆེད་མངགས་ཞབས་ཞུ་མི་སྣས་རོགས་རམ་བྱེད་ཀྱིན་ཡོད་ཅེས་བརྗོད་བྱུང་། ད་ལྟ་ང་རང་ཡང་ཁྱིམ་དུ་ལོག་ཡོད་ཀྱང་ཁོ་ཚོ་ད་དུང་རྒྱུན་དུ་ཡོང་ནས་ངེད་ཚང་ལ་རོགས་རམ་བྱེད་བཞིན་འདུག   ཁོ་ཚོས་ང་ཚོའི་ཕ་མ་གཉིས་ལ་རྒྱུན་དུ་འདི་ལྟར་རོགས་རམ་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།   ཁོ་ཚོ་ཡོད་པས་ང་ཚོའང་བློ་བདེ་མོའི་ངང་ཕྱི་རོལ་ཏུ་བསྡད་ཆོག་ཟེར།

བཀྲ་ཤིས་སྒྲོལ་མས་གསར་འགོད་པར་བཤད་རྒྱུར།  ལོ་ངོ་སུམ་ཅུའི་ཡར་སྔོན་དུ་ང་ཚོས་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་བཞིན་ཡོད་ཅིང་། ལོ་ངོ་སུམ་ཅུའི་རྗེས་ཀྱི་ད་ལྟ་བུ་རབས་ཚ་རྒྱུད་མང་པོས་མཐའ་ནས་བསྐོར་ཅིང་ཐོག་ཁང་དུ་བསྡད་ཡོད། ད་དུང་རིན་མི་དགོས་པའི་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་བྱེད་བཞིན་པ་འདི་ནི་ངོ་མ་རྨི་ལམ་ལྟ་བུ་ཞིག་རེད་ཟེར།

བྱིས་པ་ཚོས་སློབ་གསོ་ཡག་པོ་ཞིག་མྱོང་ཆེད་ཁོ་ཚང་གིས་ནོར་ལུག་ཚང་མ་བཙོངས་རྗེས་སྐྱེ་རྒུ་གྲོང་རྡལ་དུ་ཡོང་པ་དང་། བདེ་སྐྱིད་ཀྱི་ཁྱོ་ག་ཀརྨ་འཇིགས་མེད་ས་གནས་དེའི་རང་འབབ་ཆུ་བཟོ་གྲྭར་སོང་ནས་རླངས་འཁོར་ཁ་ལོ་པའི་ལས་ཀ་གཉེར་བ་དང་།   བཟའ་མི་ཚོས་ཁྱོ་གའི་ཡོང་འབབ་ཉུང་ངུ་དེ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།

བཀྲ་ཤིས་སྒྲོལ་མས་འདས་ཟིན་པའི་འཚོ་བར་ཕྱིར་དྲན་བྱེད་ཞོར་དུ། སྐབས་དེ་དུས་ཁྱོ་ག་གཅིག་པུ་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་བཞིན་ཡོད་པ་དང་།   ངས་ཁྱིམ་དུ་བྱིས་པ་གཉོར་སྐྱོང་བྱེད་བཞིན་ཡོད།  སྐབས་དེར་ང་ཚོ་རང་ཉིད་ཀྱིས་ཀྱང་གནས་འདི་རུ་ཁང་པ་ཞིག་ལས་པར་བརྟེན་འཚོ་བ་ཡང་རྩྭ་ཐང་ལས་ཧ་ཅང་སྟབས་བདེ་རུ་ཕྱིན་སོང་ཟེར།  བཀྲ་ཤིས་སྒྲོལ་མས་འདས་ཟིན་པའི་འཚོ་བར་ཕྱི་དྲན་བྱེད་དུས། མོའི་གདོང་ལ་ད་ལྟའི་འཚོ་བར་ཡིད་ཚིམ་པའི་ཉམས་ཤིག་མངོན་པ་ལས་སྐབས་དེའི་འཚོ་བའི་དཀའ་ཚེགས་སྐོར་ཅི་ཡང་གླེང་མ་བྱུང་།

ཡུས་ཧྲུའུ་ས་ཡོམ་གྱི་སྐབས་སུ།   བཀྲ་ཤིས་སྒྲོལ་མའི་ཁྱིམ་ལའང་གནོད་འཚེ་ཕོག་པ་མ་ཟད་བུ་མོ་ཞིག་གི་ཚེ་སྲོག་ཀྱང་ཤོར་བ་རེད། ཡིན་ནའང་སྐབས་དེར་ཁོ་བཟའ་མི་གང་བོས་ས་གནས་སྲིད་གཞུང་དང་མཉམ་དུ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ལས་ལ་ཞུགས།

2014ལོར།  ཁོ་ཚང་ཡངས་ཤིང་གསལ་བའི་བཀོད་སྒྲིག་སྡོད་ཁང་ནང་གནས་སྤོས་པ་རེད། རྨིད་གྲུ་བཞི་མ140ཡི་རྒྱ་ཁྱོན་ལས་བཟའ་མི་ཚང་མར་རང་ཉིད་ཀྱི་བར་སྟོང་རེ་བསྐྲུན་ཡོད། འཆི་མེད་དབྱངས་ཅན་གྱིས་སྐབས་དེའི་གནས་ཚུལ་སྐོར་གླེང་སྐབས་བཤད་རྒྱུར།  དེ་དུས་ངོ་མ་དགའ་བ་ཚད་མེད་ཅིག་སྐྱེས་སོང་། དེ་སྔོན་རང་ཉིད་ཀྱིས་ལས་པའི་ཁང་པར་སྡོད་སྐབས།  ང་དང་གཅེན་པོ།  སྲུ་མོ་སོགས་ཁང་མིག་གཅིག་དུ་འདུག་དགོས།  འདི་གར་སྤར་རྗེས་རང་ཉིད་གཅིག་པུར་ཉལ་ཁང་ཡོད་པར་མ་ཟད།  ཁང་པའི་ནང་ཉིན་རྒྱུན་དུ་མེའང་འབུད་མི་དགོས་ཟེར།

ད་ལྟ་བྱིས་པ་ཚང་མས་རང་རང་གི་འཚོ་བ་རོལ་བཞིན་ཡོད་ལ། བཀྲ་ཤིས་སྒྲོལ་མའི་ཁྱོ་གའང་རང་འབབ་ཆུ་བཟོ་གྲྭ་ནས་ལས་འཁྱུར་ངལ་གསོ་བྱས་ཡོད་པས་ཟླ་རེར་ལས་འཁྱུར་ངལ་གསོའི་གླ་ཕོགས་སྒོར4000ཡོད་པ་དང་། བཀྲ་ཤིས་སྒྲོལ་མར་ཟླ་རེར་རྒན་གསོའི་ཁ་གསབ་སྒོར200ཡོད་པས།  ད་ལྟ་བཀྲ་ཤིས་སྒྲོལ་མས་འཚོ་བའི་ཐད་ཀྱི་བྱ་བ་གང་ལའང་སེམས་ཁྲལ་བྱེད་ཀྱི་མི་འདུག   བཀྲ་ཤིས་སྒྲོལ་མས་ཚ་མོ་པང་དུ་བཟུང་ནས་དགའ་སྤྲོའི་ངང་བཤད་རྒྱུར། ད་ལྟ་སྨན་པ་བསྟེན་པར་སྨན་བཅོས་འགན་བཅོལ་ཡོད་པ་དང་། གལ་ཏེ་ཁྱིམ་དུ་བྱ་བ་ཅི་ཞིག་ཡོད་ན་བྱིས་པ་ཚོ་མ་ཁོམ་ཡང་སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་ནད་གཡོག་མི་སྣ་འཚོལ་ཆོག  དེང་སྐབས་ཀྱི་སྲིད་ཇུས་འདི་འདྲ་ཡག་པས་ད་ལྟ་ལས་སྟབས་བདེ་བའི་འཚོ་བ་ཞིག་མེད་ཟེར།

    ཡིག་སྒྱུར་བ།  གཡང་འབུམ་རྒྱལ།