ནོར་བུ་འཚོ་དང་ཁོ་མོའི་བྲོ་ལྡན་གོ་རེ།
2024.03.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

ཉེ་ལམ། གསར་འགོད་པ་གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་བྲོ་ཞིམ་གོ་རེ་ཚོང་ཁང་དུ་སླེབས་པ་ན། མཉེད་ཐག་ཆོད་པའི་ཕྱེ་བརྡལ་བའི་སྟེང་། སྔོན་ནས་བསྙལ་ཡོད་པའི་བྲོ་རྫས་གཏོར་བ་དང་། སྣུམ་བྱུགས་པ། ཕྱེ་རྡོག་དུམ་བུ་ལྟར་མཉེད་དེ་སླང་གོར་དང་དྲིལ་གོར། ཅུང་རྡོག བག་བསྲེགས། སྣུམ་སོབ་སོགས་ཀྱི་གོ་རེ་སྣ་ཚོགས་བཟོ་བཞིན་པའི་སྒང་ཡིན་ལ། ཚོང་བདག་མ་ནོར་བུ་འཚོ་གྲལ་དག་པའི་ཐབ་ཀའི་འགྲམ་དུ་བསྡད་དེ་བྱང་ཆ་ལྡན་པའི་ངང་ཉོ་མཁན་གྱིས་མངགས་ཉོ་བྱས་ཡོད་པའི་གོ་རེ་སྲེག་བཞིན་ཡོད།

མགྲོན་པོ་ཞིག་གིས་ཚོང་སྒྲོམ་སྟེང་བསྒྲིགས་པའི་གོ་རེ་སྣ་མང་ལ་མིག་ལྟ་ཙམ་བྱས་རྗེས། ལག་པས་གོ་རེ་མདོག་དམར་སེར་ཅན་དེ་བསྟན་ཏེ། “སྦྱིན་བདག་ལགས། ང་ལ་གོ་རེ་བཅུ་དགོས། སང་ཉིན་ང་ལེན་དུ་ཡོང་”ཟེར།

“སང་ཉིན་དུས་ཚོད10པའི་སྟེང་ལས་ཚར་བས། དེ་དུས་ལེན་དུ་ཤོག”ནོར་བུ་འཚོས་ཉོ་མཁན་ཡོད་པ་མཐོང་འཕྲལ་སྤྲོ་སྣང་གིས་ཚོང་ལ་བྲེལ།

མོའི་བསམ་པར་རང་གི་ལག་པའི་ནང་གི་གོ་རེ་ཆུང་ཆུང་དེས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་། ཁྱིམ་མི་ལྷན་འཛོམས་ཀྱི་རྟེན་འབྲེལ་མཚོན་པས། ནང་མི་ལྷན་འཛོམས་བྱུང་བའམ་ཡང་ན་ཕ་ཡུལ་དང་ཁ་བྲལ་བ་སུ་ཡིན་ཡང་། གོ་རེ་ཁམ་གང་ཟོས་ན་ཕ་ཡུལ་གྱི་བྲོ་བ་མྱོང་ཐུབ་པར་མ་ཟད། ཕ་ཡུལ་གྱི་གོམས་སྲོལ་དྲན་དུ་འཇུག་ཐུབ་པར་འདོད་ཀྱིན་ཡོད།

“ཆུང་དུས་སུ། ལོ་རེའི་ལོ་སར་སྐབས་ཨ་ཕྱིས་ཅི་ནུས་སྒོས་ང་ཚོར་ལོ་སར་གྱི་གོ་རེ་ཞིམ་པོ་ཞིག་བཟོ་བ་ཡིན། ང་ལ་མཚོན་ནས་བཤད་ན། ལོ་སར་ནི་གོ་རེ་བཙོ་བའི་ཁྲོད་ནས་མགོ་བརྩམས་པ་ཡིན”ནོར་བུ་འཚོ་ཆུང་དུས་སུ་ཐབ་ཚང་ནས་རྨོ་མོས་ལོ་སར་གྱི་གོ་རེ་བཙོ་བར་བལྟ་རྒྱུར་དགའ། རྒྱུན་དུ་བལྟ་བར་དགའ་བས་རིམ་བཞིན་གོ་རེ་བཙོ་བའི་ལག་རྩལ་ཡོངས་སུ་ཤེས་པར་གྱུར། སྐབས་དེར། མོས་ད་དུང་ལག་རྩལ་དེས་རང་ལ་དོན་བཟང་མང་པོ་ཞིག་བསྐྱལ་ཡོང་བ་ཤེས་མེད།

གཉེན་ཉེ་ཁྱིམ་མཚེས་ཚང་མ་ནོར་བུ་འཚོ་ཡིས་བཟོས་པའི་གོ་རེ་སྣ་ཚོགས་བཟའ་རྒྱུར་དགའ་བ་དང་། ལྷག་པར་ལོ་རེའི་ལོ་སར་སྐབས། གོ་རེ་ཡིས་ལོ་སར་གྱི་རྣམ་པ་སྔར་ལས་མཚོན་ཐུབ་ལ། ལོ་ཉུལ་ལ་འགྲོ་བར་མེད་དུ་མི་རུང་བའི་ལོ་སྐལ་ཞིག་ཡིན།

སྔོན་ཆད། ཡུལ་ཚོ་རུ་གོ་རེའི་ཚོང་ཁང་གཅིག་ཀྱང་མེད་ལ། ནོར་བུ་འཚོ་ཡིས་རྟག་ཏུ་རྫོང་ནས་ཡུལ་ཚོ་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ནང་ཡུལ་མི་ཚོས་གོ་རེ་ཁྱེར་ཡོང་བ་མཐོང་འཕྲལ། “གལ་ཏེ་ངས་ཀྱང་ཚོང་ཁང་ཆུང་ཆུང་ཞིག་འབྱེད་ཐུབ་ན། ཡུལ་མི་ཚོ་ཆེད་དུ་རྫོང་ཐོག་ལ་གོ་རེ་ཉོ་རུ་འགྲོ་མི་དགོས་པར་འདོད།”རང་གི་ལག་རྩལ་བཟང་པོ་དང་སྐབས་དེའི་ཚོང་རའི་དགོས་མཁོ་ལ་དམིགས་ཏེ། ནོར་བུ་འཚོས་ཚོང་རའི་གོ་སྐབས་རྙེད་དེ། མི་འགྱངས་པར་བྲོ་ཞིམ་གོ་རེ་ཚོང་ཁང་ཕྱེ་བ་དང་། ཅང་མ་འགོར་བར་ས་གྲུ་བཞི་ཡུལ་ཚོ་རུ་སྙན་གྲགས་ཀྱང་རྒྱས་མགོ་ཚུགས།

“ལོ་གསར་ལ་ཁྱིམ་ཚང་ཚང་མ་བྲེལ་བ་ཆེ་བས་ཆེད་དུ་ཁོམ་ལོང་བཙལ་ནས་གོ་རེ་བཅའ་བའི་ངེས་པ་མེད། དེའི་ཁར་གོ་རེ་བཅའ་བའི་ལས་རིམ་རྙོག་འཛིང་ཡིན་པས་མི་ལ་ལ་ཞིག་ཐད་ཀར་ངེད་སར་ཡོང་ནས་ཉོས་ན་སྟབས་བདེ་བར་འདོད།”ལོ་གསར་དང་ཁེལ་བས་ཚོང་ཁང་དུ་བྲེལ་བ་སྔར་ལས་ཆེ། གོ་རེ་བཙོང་ཚད་རྒྱུན་ལྡན་ལས་ལྡབ་གཉིས་ནས་གསུམ་གྱིས་ཇེ་མང་དུ་སོང་། སྐབས་དེ་འདྲར་ཐོན་ཐེངས་རེར་ནོར་བུ་འཚོ་ཡི་ཨ་ཅེ་ལག་རོགས་བྱེད་དུ་ཡོང་བཞིན་ཡོད་པ་དང་། ཁོ་གཉིས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་གོ་རེ་ལས་བས་ཚོང་ཤིན་ཏུ་བྲིན་པར་གྱུར།

“ཚང་མ་ཉོ་རྒྱུར་དགའ་ལ་ཟ་རྒྱུར་དགའ་དོན་གཙོ་བོ་ནི་ངས་གོ་རེ་བཅའ་བའི་ལས་རིམ་གཅིག་ཀྱང་ལུས་མེད་ལ། རྒྱུ་ཆ་གཅིག་ཀྱང་ཆད་མེད། ཕྱེ་ནི་ངེད་ཚང་གི་ཞིང་ནང་དུ་བཏབ་པའི་གྲོ་ཡིན་པ་དང་སྣུམ་ཡང་རང་གིས་བཏབ་པའི་ལོག་དཀར་གྱི་སྣུམ་ཡིན། ཟས་རིགས་ཀྱི་རྒྱུ་ཆའི་བདེ་འཇགས་ལ་སེམས་བདེ་མོ་བྱས་ཆོག” གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གནམ་ཐར་གྱིས་ནོར་བུ་འཚོ་ཡིས་བཟོས་པའི་ཕྱེ་ཐུག་གཙང་མ་ཡིན་ལ་རྒྱ་གྲངས་ལོངས་པའི་ཁར་བྲོ་བ་བཟང་བ་དང་རིན་གོང་བདེ་བས་ཉོ་མཁན་མང་པོའི་ཁས་ལེན་ཐོབ་ཡོད་ཟེར།

ཚོང་ཇི་ལྟར་གཉེར་ན་དེ་ལྟར་བཟང་བས། ནོར་བུ་འཚོའི་སེམས་ལ་ཏང་དང་སྲིད་གཞུང་གི་བཀའ་དྲིན་དྲན་ཡོད། “ཚོང་ཁང་གི་སྒོ་ཐོག་མར་འབྱེད་དུས་ཡུལ་ཚོའི་ལས་བྱེད་པས་འཆར་འགོད་བྱེད་རོགས་བྱས་པ་དང་། དངོས་རྫས་སྐྱེལ་རོགས། དྲ་ལམ་ནས་སླ་ང་དང་སྲེག་སྣོད། ཕྱེ་རྫི་འཕྲུལ་འཁོར་སོགས་ཉོ་རོགས་བྱས་པ་དང་། གྲོགས་ཚོམ་ལ་བསྒྲགས་རོགས་ཀྱང་ཁོ་ཚོས་བྱས་པ་རེད།”

ནོར་བུ་འཚོས་བཤད་རྒྱུར། སྔོན་ཆད། ང་ཚོས་ཞིང་ལ་ཆུ་བཏང་ན་ཆུ་མཛོད་སྡེ་བ་དང་ཐག་རིང་བས་ལོ་གཅིག་གི་ནང་ཞིང་ནང་དུ་དཔྱིད་ཆུ་ཐེངས་གཅིག་ལ་དྲངས་པ་ཡིན། ཞོག་ཁོག་དང་། གྲོ། རྒྱ་སྲན། སྲན་ཆེན་སོགས་ལོ་ཏོག་གི་ཐོན་ཚད་ཉུང་ལ་ཐོན་འབབ་མི་བཟང་། ལོ་འདི་དག་གི་རིང་ལ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག ས་གྲུ་བཞི་ཡུལ་ཚོའི་སྡེ་བའི་རྣམ་པ་དང་མི་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། སྡེ་བའི་ནང་དུ་ཞིང་སྡེའི་གློག་དྲ་བཟོ་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱས། ཆུ་རྐ་ལས་པས་གྲོ་ཡི་སྐྱེ་སྟོབས་བཟང་། ཟས་རིགས་རྒྱུ་ཆ་བཟང་པོ་མེད་པར་སེམས་ཁུར་བྱེད་མི་དགོས། སྣུམ་ལམ་བཏིངས་པས་ཚོང་ཁང་གི་གོ་རེའང་ཐག་རིང་གི་ས་ཆ་སོ་སོར་བཙོང་ཐུབ། འགྲིམ་འགྲུལ་དང་གློག་དྲ། ཆུ་བེད་སོགས་རྨང་གཞིའི་སྒྲིག་ཆས་ཉིན་རེར་ཇེ་བཟང་དུ་སོང་བས་སྡེ་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

“ཉེ་ལམ། སྡེ་བའི་ནང་དུ་ད་དུང་ཁྱིམ་ཚང་རེ་རེའི་ཁང་པར་དྲོད་འཛིན་སོལ་ལེབ་སྦྱར་བས། གློག་ཐབ་གཅིག་ལས་དགུན་ཟླ་རིང་མོ་དྲོད་ལམ་མེར་བསྐྱལ་ཐུབ། ངས་ལག་གི་ལས་ཀ་ལས་ཚར་རྗེས་ཡུལ་ལ་འགྲོ་རྒྱུ་ཡིན”དྲོད་ལམ་ལམ་གྱི་རླངས་པའི་ཁྲོད་དུ་ནོར་བུ་འཚོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཞིག་གིས་ཁེངས་འདུག

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།