སྐྱེས་འབུལ་ལས་བློ་དཀར་མཚོན། སྐྱེས་འབུལ་ལས་ལས་དོན་འགྲུབ།
2024.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

 “ལས་བྱེད་པས་ལས་ལ་འབད་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པ”ཡི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།

སྐྱེས་འབུལ་ཞེ་ན་དཀའ་ཁག་ལ་འཕྲད་དུས་གཡོལ་བ་མེད་པར་ཁག་ཁུར་དང་དུ་བླངས་ཏེ་རང་ཉིད་བློས་གཏོང་ཕོད་པ་ཞིག་དང་། ལས་འགན་ལ་སེམས་ཤུགས་མང་དུ་འདོན་པ་དང་ལས་གནས་སུ་སྟོབས་ཤུགས་མང་དུ་འདོན་པ་ཞིག་ཡིན། དེ་ནི་ལས་བྱེད་པས་ལས་ལ་འབད་དགོས་ཞེས་པ་ལས་མངོན་པའི་བློ་རྒྱ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “སྐྱེས་འབུལ་འབད་འཐབ་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཆེད་དུ་འགན་འཁྲི་ནན་སྒྲུབ་དང་འགན་འཁྲི་དང་དུ་ལེན་པ་མི་ཚེའི་དམིགས་ཡུལ་དུ་བཟུང་ནས། དཀའ་ཁག་ལ་མི་སྐྲག་པ་དང་བློས་གཏོང་ཕོད་པ། དཀའ་སྤྱད་དངོས་སྒྲུབ། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་པ་དེ་ཡིན། དེ་ལས་གུང་ཁྲན་ཏང་མིའི་སྒེར་སེམས་མེད་ལ་ཞུམ་པ་མེད་པའི་སྐྱེས་འབུལ་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་སྙིང་སྟོབས་གསལ་པོར་མངོན་ཡོད།”ཡང་གཅིག་བཤད་ན་སྟོབས་ལྡན་དམངས་ཕྱུག་གི་བགྲོད་ལམ་ཐོག་དཀའ་བའི་ལས་དང་ཕྲག་པའི་འགན་ལ་མི་གཡོལ་བའི་ཆོད་སེམས་དང་། རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་བ་དང་སྒེར་སེམས་མེད་པར་སྐྱེས་འབུལ་བྱས་ཏེ། ང་ཚོ་སྤོབས་པ་ཆེན་པོའི་ངང་དམིགས་ཡུལ་གཅིག་ནས་གཅིག་ཏུ་བསྐྱོད་པར་འདེགས་སྐྱོར་བྱེད་པ་དེའང་ཡིན།

མཚོ་སྔོན་ནི་ས་བབ་ཀྱི་མཐོ་ས་ཡིན་ལ་བསམ་པའི་མཐོ་ས་ཞིག་ཀྱང་ཡིན། ཡུལ་འདི་ལ་སྐྱེས་འབུལ་དང་བློས་གཏོང་ལ་སྤྲོ་བའི་མི་ཆད་མ་མྱོང་། ལོ་བརྒྱའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་གུང་ཁྲན་ཏང་མི་རབ་དང་རིམ་པས་མཚོ་སྔོན་དུ་དཀའ་སྤྱད་སྡུག་རུས་དང་འབད་བརྩོན་ལྷོད་མེད་བྱས་ནས། དཔའ་མཛངས་རྟུལ་ཕོད་ཀྱི་གསར་བརྗེའི་དཔའ་བོ་དང་རང་ཉིད་བརྗེད་ནས་སྐྱེས་འབུལ་བྱེད་མཁན་གྱི་སྔོན་ཐོན་དཔེ་བཟང་འབོར་ཆེན་ཞིག་བྱུང་མྱོང་། ཁོ་ཚོའི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོ་རུ་ཕྱར་ནས་ཆ་རྐྱེན་དང་ལག་རྩལ་གྱི་རྨང་གཞི་ཤིན་ཏུ་ཞན་པའི་ཆ་རྐྱེན་འོག་སྤྱིར་བཏང་མ་ཡིན་པའི་མི་ཡུལ་གྱི་ངོ་མཚར་མཛད་རྗེས“མདེལ་གཉིས་སྐར་གཅིག”གི་མཛད་བཟང་འཇོག་མཁན་དག་ཡོད་ལ། དམངས་ལ་བཅངས་པའི་བརྩེ་སེམས་དེ་མང་ཚོགས་ཀྱི་སེམས་སུ་བསྐོས་པའི་ཧྲིན་ཀྲང་འབྲོག་པ་སྐལ་བཟང་དང་།  ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཁྲོད་ཕངས་མེད་སྐྱེས་འབུལ་གྱིས་འགན་འཁྲི་མཚོན་པའི་མི་དམངས་ཉེན་རྟོག་པ་ཝང་ཁྲིན་ཡོན་དང་དབང་དགའ་སོགས་ཀྱང་ཡོད། དེ་མིན་ཨ་ཆེན་གངས་རྒྱབ་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བྱས་རྗེས་མངོན་གསལ་བཞག་པའི་བསོད་ནམས་དར་རྒྱས་དང་བཀྲ་ཤིས་རྡོ་རྗེ། ཚེ་སྲོག་གིས་སྤྱི་ཞབས་པའི་བརྩེ་སེམས་ཅི་འདྲ་ཡིན་པ་སྟོན་པའི་ཀྲུའུ་ཀྲི་ཀུའོ་སོགས་བགྲང་གིས་མི་ལངས་ལ། ཁོ་ཚོས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཏུ་འབད་འབུངས་དང་ཧུར་ཐག བརྩོན་ལེན་བཅས་བྱས་ཤིང་། ཞུམ་པ་མེད་པ་དང་ཕངས་སེམས་མེད་པ། འགྱོད་སེམས་མེད་པ། བྱམས་སྐྱོང་ལྡན་པ། སྙིང་སྟོབས་ཆེ་བ། བརྩེ་སེམས་ཆེ་བ་བཅས་ཀྱིས་རྒྱལ་གཅེས་བསམ་པ་དང་རྒྱལ་ཁབ་ཀྱི་ལ་རྒྱ་ལེགས་པར་འགྲེལ་ཡོད།

འཕེལ་རྒྱས་ཀྱི་མགོ་ཚུགས་ས་གསར་པའི་ཐོག་ལངས་ཏེ། ང་ཚོས་སྔོན་གཤེགས་དཔའ་བོའི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་ཁྲོད་འབད་འཐབ་དང་ཡར་བརྩོན་སྐྱེས་འབུལ་བྱེད་པའི་སྙིང་སྟོབས་ཀྱི་རྒྱུན་སྐྱོང་དགོས་ལ། ཁོང་ཚོས་མཚོ་སྔོན་གྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད་འབད་འཐབ་ཀྱིས་སྐྱེས་འབུལ་བགྱིས་པའི་བླ་ན་མེད་པའི་ཕུགས་བསམ་ལ་སློབ་སྦྱོང་བྱས་ཏེ། ཁོང་ཚོས་མཐོ་སྒང་དུ་གཞི་ཚུགས་པ་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་སྐྱེས་འབུལ་བྱེད་པ་བཅས་ཀྱི་བརྩེ་སེམས་ཟབ་མོ་དར་སྤེལ་གཏོང་དགོས། བྱ་གཞག་ཇི་ལྟར་རླབས་ཆེ་ན། དཀའ་ཁག་དེ་ལྟར་ཆེ་ལ། འགན་འཁྲི་ཡང་དེ་ལྟར་ལྕི་བ་ང་ཚོས་གསལ་པོར་ཤེས་ཡོད། ང་ཚོས་འབད་པའི་ལས་དོན་ཐམས་ཅད་སྤྱི་གཞུང་གི་ཆེད་དང་། བདེན་དོན་སྲུང་བའི་ཆེད། ཐུན་མོང་གི་ཆེད་དུ་ཡིན། དུས་རབས་ཇི་ལྟར་འགྱུར་ཡང།  སྐྱེས་འབུལ་ལ་རྙིང་པ་མེད། ང་ཚོས་དཀའ་ཁག་ལ་མི་སྐྲག་པ་དང་། རང་སྲོག་བློས་གཏོང་ཕོད་པ། དཀའ་སྤྱད་དངོས་སྒྲུབ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དེ། སྐྱེས་འབུལ་ལས་བློ་དཀར་མཚོན་པ་དང་། སྐྱེས་འབུལ་ལས་ལས་དོན་འགྲུབ་པར་བྱེད་དགོས།

སྐྱེས་འབུལ་ནི་སྡུག་བསྔལ་དང་ཤོར་བ་མ་ཡིན་པར། བྱམས་སེམས་དང་སྤྱོད་བཟང་གི་མངོན་ཚུལ་ཞིག་ཡིན། མང་ཤུགས་མཉམ་དུ་འདུས་ན་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་སུ་འགྱུར། མི་རེ་རེས་དོན་རེ་དང་ལས་ཀ་སྣ་གཅིག་ལེགས་པར་འགྲུབ་ན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རླབས་ཆེན་ལས་དོན་དེ་མདུན་དུ་གོམ་གང་སྤོ་ཐུབ། ཏང་ཡོན་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྐྱེས་འབུལ་གྱི་སྙིང་སྟོབས་གླེང་བ་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ནས། མགོ་ཁྲིད་དེ་སྐྱེས་འབུལ་གླེང་བ་དང་། འགན་འཁྲི་འཁུར་ཕོད་པ། དངོས་སྒྲུབ་བྱེད་ཕོད་པ་བཅས་བྱེད་དགོས། བྱ་སྤྱོད་ལ་བརྟེན་ནས་བདག་ལས་གཞན་གཅེས་དང་སྒེར་སེམས་མེད་པར་སྐྱེས་འབུལ་བྱེད་པའི་གོ་རྟོགས་བླ་མེད་དེ་གསལ་བོར་སྟོན་དགོས་ལ། དད་སེམས་དང་བརྩེ་དུང་།འགན་འཁྲི་བཅས་ལ་བརྟེན་ནས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཁག་ཁུར་དངོས་སྒྲུབ་དང་བྱས་རྗེས་འཇོག་དགོས།  འགན་འཁྲི་འཁུར་ཕོད་པ་དང་སྐྱེས་འབུལ་བྱེད་མོས་པའི་ནུས་ཤུགས་ཕྲན་བུ་བསགས་ཏེ།   མི་སྔར་ལས་མང་པོར་འབད་འཐབ་ཀྱི་ཁྲོད་ནས་སྤྲོ་སྣང་མྱོང་བ་དང་ནུས་པ་རང་འདོན་གྱི་ཁྲོད་ནས་སྤྲོ་སྣང་ཐོབ་པར་སྐུལ་སློང་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་རེ་རེ་ལེགས་པོར་སྒྲུབ་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་བསྡུ་བ་བཅས་བྱས་ཏེ། གཙང་པོའི་མགོ་ཁུངས་ཀྱི་ས་གཞི་ཆེན་པོར་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་གཏོད་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།