མཚོ་སྔོན་པོའི་འགྲམ་དུ་དཔྱིད་ཀྱི་རྣམ་པ་གསར་བ་སླེབས་བྱུང་།
2024.04.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དར་གྱིས་བཏུམ་པའི་མཚོ་སྔོན་པོར་དཔྱིད་དཔལ་གྱི་རྣམ་པ་ཤར་ཞིང་སྐྱེ་དངོས་ཐམས་ཅད་ལ་མྱུ་གུ་འབུས། དཔྱིད་མགོ་ཚེས་པ་དང་བསྟུན་ནས་བྱ་རིགས་སྣ་ཚོགས་རི་ཀླུང་དང་མཚོ་མོ་བརྒལ་ནས་གཅིག་རྗེས་གཉིས་མཐུད་ངང་བྱང་ཕྱོགས་སུ་ཕྱིར་ལོག་པ་དང་། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པའི་ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱས“གཞིས་ཆགས་ས”ཡི་གནས་ཤག་ཡག་ཤོས་ཤིག་འཚོལ་བཞིན་ཡོད་ཅིང་། བྱ་རིགས་ཀྱིས་སྐད་སྙན་སྒྲོག་བཞིན་ལྷིང་འཇགས་ཀྱི་མཚོ་སྔོན་པོར་གསོན་ཉམས་བསྩལ།

ལོ་རེའི་དཔྱིད་ཀ་དང་སྟོན་ཁ་ནི་དུས་བྱའི་གནས་སྤོ་དུས་ཚིགས་ཡིན། དུས་བཞིའི་བརྗེ་རེས་ཁྲོད། འགྱུར་མི་སྲིད་པའི་རང་བྱུང་གི་ཆོས་ཉིད་ཅིག་ཡོད་དེ། དཔྱིད་ཀར་ཕྱིར་སླེབས་པ་དང་། དབྱར་ཁར་སྐྱེ་འཕེལ་བྱེད་པ། སྟོན་དུས་གནས་སྤོས་ཏེ། རྟག་ཏུ་ལྷོ་འགྲོ་བྱང་སྐྱོད་ཀྱི་བར་ནས་འོས་ཤིང་འཚམ་པའི་འཚོ་གནས་ཤིག་འཚོལ་གྱིན་ཡོད་ལ་འཚོ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དངོས་དེའང་མྱོང་བཞིན་ཡོད།

“དཔྱིད་དུས་སུ་གནས་སྤོར་བའི་ངང་བ་མགོ་ཁྲ་དང་སོ་བྱའི‘སྔོན་སྐྱོད་དཔུང་སྡེ’མཚོ་སྔོན་པོར་འབྱོར་ཡོད།”དེ་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སུན་ཅན་ཆིང་གིས་ཉིན་ཤས་རིང་ལྟ་ཞིབ་བྱས་པའི་གནས་ཚུལ་རེད།

ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱིས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་བསྐྲུན་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། དམིགས་བསལ་གྱི“རྩྭ་ཐང་དང་ཆུ་བོ། མཚེའུ། ཉ། འདབ་ཆགས་དང་རི་དྭགས”བཅས་མཉམ་འཚོ་བྱེད་པའི་སྐྱེ་ཁམས་འབྲེལ་ཐག་གྲུབ་ཡོད། མིག་སྔའི་བར་མཚོ་སྔོན་པོར་འདབ་ཆགས་རིགས281ཡོད་པ་དང་། འབབ་སྡོད་ཆུ་བྱའི་གྲངས་འབོར་འབུམ་དྲུག་དང་སྟོང་དྲུག་ཡོད་ལ། གྲངས་ཀ་ཚང་མ་འཕར་བའི་རྣམ་པ་མངོན་པར་མ་ཟད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་འབུམ་གཅིག་དང་ཁྲི་གཉིས་ལྷག་ཡོད་པ་དང་། དགོ་བ3400ལྷག་ཡོད་ལ། མཚོ་སྔོན་པོའི་ཆུ་སྤུས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གྲུབ་འབྲས་དེ་ནི་སྐོར་ཞིབ་དོ་དམ་ནུས་པ་མངོན་གསལ་སྒོས་ཆེ་རུ་སོང་བ་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་གསར་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག མཚོ་སྔོན་པོའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་མཛུབ་ཁྲིད་ཅུའུ་བཙུགས་པ་དང་། གུང་ཧོ་དང་རྐང་ཚ། ཧའེ་ཡན་དོ་དམ་ཡན་ལག་ཅུའུ་དང་སྲུང་སྐྱོབ་ས་ཚིགས་དྲུག་བཙུགས་ཏེ། “དོ་དམ་ཅུའུ་དང་དོ་དམ་ཡན་ལག་ཅུའུ། སྲུང་སྐྱོབ་ས་ཚིགས”བཅས་ཀྱི་རིམ་གསུམ་དོ་དམ་མ་ལག་རགས་ཙམ་གྲུབ་ཡོད།

སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འབྱུང་མིན་ནི་གཙོ་བོ་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་བཅས་ལས་དེར་ཞུགས་ཚད་ཆེ་རུ་གཏོང་མིན་ལ་ཐུག་ཡོད། སུན་ཅན་ཆིང་གིས་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་ནི་འབྲེལ་ཡོད་ཚན་ཞིབ་ཁང་དང་མཉམ་ལས་དམ་ཟབ་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད་པས། ཚན་ཞིབ་ལས་སྟེགས་བསྐྲུན་པ་དང་འཇོན་མི་སྐྱེད་སྲིང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་སྐྱེ་དངོས་སྣ་མང་རང་བཞིན་ལ་ཚད་ལྡན་ཅན་དང་། ཚན་རིག་ཅན། མ་ལག་ཅན་གྱི་སྲུང་སྐྱོབ་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།

སུན་ཅན་ཆིང་ལ་ད་དུང་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། མཚོ་ཁའི་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད། ཁོ་ཚོས་དེ་སྔ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐད་འདྲི་ཤོག་བརྟག་དཔྱད་ཐེངས་གཅིག་བྱས་པ་ལས་མཚོ་ཁའི་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་འདོད་ཆེན་པོ་ཡོད་པ་ཤེས།

ད་སྐབས་མཚོ་སྐོར་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ནི་བྱ་བ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས“མི་ལྔ་གཅིག་བསྡུས”ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྫོང་ཡོངས་ཀྱི་གཙང་པོ་དང་མཚེའུ། སྐྱེ་ཁམས། ནགས་ལས། རྩྭ་ཐང་བཅས་ཀྱི་བདག་སྐྱོང་པ་དང་། འཕྲོད་བསྟེན་གཙང་སྦྲ་བ་བཅས་སྐྱེ་ཁམས་བདག་སྐྱོང་པར་གཅིག་བསྡུས་བྱེད་བཞིན་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་ལ། མཚོ་སྔོན་པོའི་སྐྱེ་ཁམས་གནས་བབ་ནི་ཧ་ཅང་གལ་ཆེན་ཡིན།

རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ནས་མཚོ་སྔོན་པོའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཛེས་རིས་སྲུང་སྐྱོབ་ཡག་པོ་བྱེད་དགོས། “ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། དུས་མཚུངས་སུ། ང་ཚོས་རྒྱལ་ནང་གི་ཚན་ཞིབ་ལས་ཁུངས་དང་གླིང་དང་སའོ་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་གཏིང་ཟབ་ཏུ་བཏང་ནས། ཚན་ཞིབ་མཉམ་ལས་ཀྱི་སྒྲོམ་གཞི་དང་སྟེགས་བུ་ཧུར་ཐག་གིས་བསྐྲུན་རྒྱུ་དང་། ཚན་རྩལ་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོའི་སྒོ་ནས་སྲུང་སྐྱོབ་བྱེད་པར་འདེགས་སྐྱོར་བྱ་རྒྱུ་ཡིན”ཞེས་སུན་ཅན་ཆིང་གིས་དེ་ལྟར་བཤད།

དུས་བྱ་བྱང་ཕྱོགས་སུ་ཕྱིར་ལོག་དུས། མཚོ་སྔོན་པོ་ཡང་བསྐྱར་ལོ་གཅིག་གི་ཆེས་མཛེས་སྡུག་ལྡན་པའི་དུས་སུ་སླེབས། དབྱར་གཞུང་བསླེབ་ན་མཚེའུ་སྐྱར་འོལ་མགོ་དང་ཇག་སྐྱར། ངང་བ་མགོ་ཁྲ། སོ་བྱ་སོགས་ཆུ་བྱ་ཁྱུ་དང་ཁྱུ་བྱས་ནས་ཆུ་ངོས་སུ་གཤོག་འགྱུར་ངོམ་པ་དང་། རྩེད་འཇོར་རོལ་བ། ཉ་མོ་འཛིན་པ་སོགས་ཀྱི་ལས་ལ་བྲེལ་ཏེ། ལྗང་མདོག་གི་མཚོ་སྔོན་པོ་ནི་ཀུན་གྱི་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག་པའི་མཛེས་ལྗོངས་སུ་འགྱུར་ངེས་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།