མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་།
2024.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས།  གང་ཐུབ་ཅི་ཐུབ་དང་དཀའ་སྤྱད་ལས་སྒྲུབ་རྒྱུན་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་དམངས་ཚིས་ཞན་ཆ་ཁ་གསབ་དང་། དམངས་ཚིས་དཀའ་གནད་སེལ་བ། དམངས་ཚིས་མ་མཐའི་མཐའ་ཚད་བརྟན་པོར་སྲུང་བ། རྨང་གཞི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐིལ་རྟོགས་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ནས་མ་མཐའི་དམངས་ཚིས་དང་། གཞི་རྩའི་དམངས་ཚིས། དམངས་ཚིས་སྤུས་ཚད་བཅས་ལ་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱས་པ་དང་། རིག་གནས་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐད་ནས་བྱེད་ཐབས་དངོས་བཏོན་ནས་མང་ཚོགས་ལ་མཁོ་གལ་ཆེ་བ་དང་། དགོས་གཏུག་ཆེ་བ། དོ་སྣང་ཆེ་ཤོས་བཅས་ཀྱི་སྒོ་ནས་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་།  དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་མཐོར་འདེགས་བཏང་ནས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཆེ་བ་དང་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ་བྱས། 

ནུས་ཤུགས་ཡོད་རྒུས་ལས་ཞུགས་ལས་སྐྲུན་བརྟན་པོ་ཡོང་བར་བྱས་པས།  ལས་ཞུགས་ཀྱི་གནས་བབ་བརྟན་པོའི་ཁྲོད་ཇེ་ལེགས་སུ་ཕྱིན་ཡོད། ལས་ཞུགས་ལས་སྐྲུན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ"འདེམས་བྱང་རྣམ་པའི"རྩལ་ནུས་གསོ་སྦྱོང་བྱས་ནས། ཧྲང་ཧའེ་རུ་ངལ་ནུས་ཕྱིར་གཏོང་བྱེད་མཁན14རྩ་འཛུགས་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས161གསར་དུ་འཕར་སྣོན་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ112ཡང་བསྐྱར་ལས་ཞུགས་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ3ཡང་བསྐྱར་ལས་ཞུགས་བྱས་ནས་མི་སྟོང་གཅིག་དང་བདུན་བརྒྱ་ལྷག་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.07%ཟིན་པ། མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་ཚད92%ཟིན་པ་དང་ལས་ཞུགས་དམིགས་ཚད་སྔོན་དཔག་ལས་བརྒལ་ཡོད།

སློབ་གསོ་དང་སློབ་ཁྲིད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པས་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། སློབ་གྲྭའི་ཞིབ་ཚགས་ཅན་གྱི་དོ་དམ་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཧུར་ཐག་གིས་མཐོ་རུ་བཏང་ཡོད། འོས་འགན་སློབ་གསོ་དོ་མཉམ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བདུན་ལྷག་བཏང་སྟེ་ལག་བསྟར་བྱས་པའི་རྫོང་བོད་ཡིག་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་དང་། མི་རིགས་སློབ་འབྲིང་གི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་། མདོ་གོང་མ་ཡུལ་ཚོའི་སྨན་འབྲིང་སྡེ་བའི་བྱིས་བཅོལ་ཁང་། ལྕགས་རི་ཐང་ཡུལ་ཚོའི་ཨ་སྐྱོང་སྡེ་བའི་བྱིས་བཅོལ་ཁང་བཅས་འཛུགས་སྐྲུན་རྣམ་གྲངས་བཞི་བཅས་ཚང་མ་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད།  མ་དངུལ་སྒོར་བྱེ་བ་ལྔ་ས་ཡ་བརྒྱད་ལྷག་བཏང་ནས་སེ་ལེ་ཐང་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭའི་ལས་ཤག་དང་། ཉལ་ཁང་ཐོག་ཁང་། སློབ་མའི་ཟ་ཁང་བཅས་གསར་སྐྲུན་བྱས་པ་དང་། བྱིས་བཅོལ་ཁང་གསུམ་གྱི་ཞོར་གཏོགས་སྒྲིག་བཀོད་དང་། རྫོང་ཡོངས་ཀྱི་སློབ་གསོའི་སྒྲིག་གཞིའི་མེ་གསོད་སྒྲིག་བཀོད་བསྒྱུར་བཀོད་དང། སློབ་གྲྭར་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སྒྲིག་སྦྱོར་སོགས་ཞན་ཆ་ཁ་གསབ་རྣམ་གྲངས་དྲུག་གསར་སྐྲུན་བྱས་ཡོད།

ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་ཏེ་བདེ་ཐང་པདྨ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། རྫོང་མི་དམངས་སྨན་ཁང་གིས་དེང་རབས་སྨན་ཁང་གི་དོ་དམ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པར་མ་ཟད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི"རིམ་པ་གཉིས་པའི་ཚད་གཞི་དང་པོའི་ཕྱོགས་བསྡུས་སྨན་ཁང་གི་དཔྱད་ཞིབ"བདེ་བླག་ངང་ལེགས་འགྲུབ་བྱུང་། ཆེད་ལས་ཚན་ཁག་འཛུགས་སྐྲུན་རྣམ་གྲངས་གོ་སྐབས་སུ་བྱས་ཏེ་ཁོང་ནད་ཚན་ཁག་དང་ཞིབ་བཤེར་ཚན་ཁག་སོགས་ཆེད་ལས་ཚན་ཁག་འཛུགས་སྐྲུན་རྣམ་གྲངས6དང་། ལྟེ་གནས་ཆེན་པོ་ལྔ་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། ཉེན་ཁ་དང་ཚབས་ཆེ་བའི་ནད་པར་སྨན་བཅོས་བྱེད་ནུས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།  "སྨན་ཁང་དང་སྲིད་གཞུང་མཉམ་སྐྲུན"གྱི་ཚབ་གཉེར་རྣམ་པ་དང"ཚོགས་སྒྲིག་རྣམ་པའི"རོགས་སྐྱོར་བརྒྱུད་རྫོང་མི་དམངས་སྨན་ཁང་གི་ནད་བརྟག་སྨན་བཅོས་ལས་དོན་ལ་འཕེལ་རྒྱས་ཡག་པོ་བྱུང་བ་དང་།  མ་དངུལ་སྒོར་ས་ཡ་གསུམ་ལྷག་བཏང་ནས་དྷི་མདའ་ཡུལ་ཚོའི་དཀྱིལ་སྙིང་འཕྲོད་བསྟེན་ཁང་སོགས་བསྐྲུན་ཏེ་སྨན་བཅོས་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་བཏང་ཞིང་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ཡོད། ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དང་།  བོད་ལུགས་སྨན་ཁང་གི་སྨན་རླུམས་དང་ཕྱི་བཅོས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ལ་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་ཡོད།

ནུས་ཤུགས་ཡོད་རྒུས་གསོན་ཤུགས་གསར་སྐྲུན་བྱས་ནས་རིག་གནས་ལུས་རྩལ་ལས་དོན་དར་རྒྱས་གོང་འཕེལ་བཏང་ཡོད། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དོ་མཉམ་ཡོང་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། མདོ་གོང་མ་སྡེ་བ་དང་། རྩིས་སྟོད་སྡེ་བ། རིན་ཆེན་སྒང་སྡེ་བ། ཁྲི་ཁོག་སྡེ་བ་བཅས་སུ་སྡེ་བ་རིམ་པའི་རིག་གནས་བྱེད་སྒོ་ཁང་རིམ་སྤར་འཛུགས་སྐྲུན་བྱས་ཏེ།  རྫོང་རིག་གནས་ཁང་གནས་སྤོར་རིམ་སྤར་ལེགས་འགྲུབ་བྱུང་ཡོད། ཟློས་གར་གྲོང་གསེབ་ཏུ་སྤེལ་བ་དང་། རིག་རྩལ་སྒྲོག་འགྲེལ། དཔེ་དེབ་སློབ་གྲྭར་སྐྱེལ་བ་སོགས་དམངས་ཚིས་རིག་རྩལ་བྱེད་སྒོ་ཤུགས་ཆེན་པོས་སྤེལ་བ། རྒྱ་ལོའི་བཅོ་ལྔའི་དགོང་ཚོགས་དང་བོད་ཡིག་ཡིག་གཟུགས་འགྲེམས་སྟོན། ཤུལ་བཞག་མ་ཡིན་པའི་ཉོ་ཚོང་དུས་ཆེན། དཔྱིད་འདེབས་མཛད་སྒོ་སོགས་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བདེ་བླག་ངང་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

ནུས་ཤུགས་ཡོད་རྒུས་དམངས་ཚིས་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་འགན་སྲུང་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་། དམངས་ཡོངས་ལ་ཁྱབ་པའི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས།  ཉེན་ཚབ་སྣ་ཚོགས་ཁྲོད་ཞུགས་པའི་མི་གྲངས་ཁྲི་གཉིས་ལྷག་ལ་སླེབས་པ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་ཐོབ་ཐང་ལོངས་སུ་སྤྱོད་མཁན་སྟོང་གཅིག་དང་དགུ་བརྒྱ་ལྷག་ཏུ་སླེབས་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་མཁན་ཐོབ་ཐང252ཡོད་པ་དང་།  རྒན་གསོའི་ཐོབ་ཐང་སྒོར་བྱེ་བ་དྲུག་ལྷག་བཏང་ཡོད། གླ་ཕོགས་ཆད་པ་དང་དེ་གཙང་སེལ་བྱེད་པའི་ལས་དོན་དམ་འཛིན་ནན་མོ་བྱས་ཏེ། གླ་ཕོགས་ཆད་པའི་གྱོད་གཞི23བདག་སྤྲོད་དང་ཐག་གཅོད་བྱས་པ་མ་ཟད།  གླ་ཕོགས་ཆད་པའི་མི47ལ་སྒོར་འབུམ་ལྔ་དང་ཁྲི་དྲུག་ལྷག་གཙང་འཇལ་བྱས་པས།   གླ་ཕོགས་ཆད་པའི་ཞུ་གཏུག་དུས་མཚུངས་ལས41.03%མར་ཆག་ཡོད།   དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྐྱོང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ། བདག་མེད་བྱིས་པ། དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་རོགས་སྐྱོར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རོགས་སྐྱོར་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་དྲུག་ལྷག་སྤྲད་ཡོད། སྤུས་ཚད་མཐོན་པོས་རྫོང་གི་རྒན་གསོ་ཁང་གཙོ་བོ་འཛུགས་སྐྲུན་བྱས་ཏེ་རྒན་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད།  སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་དམངས་ཚིས་དོན་དངོས་ཡག་པོར་བསྒྲུབས་ཏེ། ལོ་འགོར་ཁས་ལེན་བྱས་པའི་ཐོན་ལས་འཕེལ་རྒྱས་དང་།  གཞུང་ལམ་འགྲིམ་འགྲུལ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་དམངས་ཚིས་དོན་དངོས་ལས་གཞི10དུས་བཅད་ལྟར་མངོན་འགྱུར་བྱུང་ནས། མི་དམངས་ཀྱི་འཚོ་བ་ཇེ་བཟང་ཏུ་འགྲོ་བཞིན་ཡོད།

 རྩོམ་སྒྲིག་པ།  སྒྲོལ་མ་སྐྱིད།