མཛེས་པའི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱིས་སྡེ་བའི་མང་ཚོགས་ལ་བདེ་སྐྱིད་ཕྱུག་འགྱུར་གྱི་ལམ་བུ་སྐྲུན། 
2024.04.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཉེ་བའི་ལོ་འགའི་རིང་ལ། གཞུང་ལམ་ཤར་གཏོང་བྱས་པ་དེ“ཉིན་རེར་རྣམ་པ་གསར་པར”གྱུར་ཡོད་པ་དང་། ལམ་ཆེན་རེ་རེའི་སྟེང་དུ་མི་རྣམས་ཀྱི་ཕུགས་འདུན་བཅོལ་ཡོད་ལ། མང་ཚོགས་ཀྱི་བདེ་སྐྱིད་ཀྱང་བཏེགས་ཡོད། མཛེས་པའི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱས་པ་དེས་རོང་འབྲོག་མང་ཚོགས་རྣམས་ལ་བདེ་སྐྱིད་འཚོ་བའི་ཕྱུག་འགྱུར་ལམ་བུ་ཞིག་བཏོད་ཡོད། 

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་སྡེ་བར་བསྐྱོད་སྐབས། རྨ་ཆུའི་འགྲམ་ངོགས་སུ་ཆགས་པའི་སྡེ་བ་དེས་རྨ་ཆུའི་འགྲམ་རྒྱུད་དང་མཚམས་སྤྲིན་རི་བོའི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་ཡོད། 

2016ལོར། བདེ་སྐྱིད་སྡེ་བ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་ལག་བསྟར་བྱས་ནས་གྲོང་རྡལ་གཉིས་དང་ཡུལ་ཚོ་ལྔ་ཡི་རི་ཁུལ་གྱི་རོང་འབྲོག་པ་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་དང་མི་གྲངས་དགུ་བརྒྱ་དང་ཞེ་དྲུག་གཅིག་བསྡུས་གནས་སྤོ་བཀོད་སྒྲིག་བྱས་པ་ཞིག་རེད། ཡུལ་གསར་པར་གནས་སྤར་བ་རྗེས། འཕེལ་རྒྱས་གཏོང་ཆོག་པའི་ཐོན་ལས་དང་། སྟབས་བདེའི་འགྲིམ་འགྲུལ་བགྲོད་ལམ། རིམ་བཞིན་འཐུས་ཚང་དུ་གྱུར་པའི་རྨང་གཞིའི་སྒྲིག་ཆས་སོགས་ཡོད་པ་རེད། 

“སྔོན་ཆད་ང་ཚོ་སྡེ་བའི་ལམ་བྱེ་ཟེགས་ཀྱི་ལམ་ཡིན་པ་དང་། ཆ་རྐྱེན་མི་བཟང་ལ། གནས་སྐོར་ལ་ཡོང་མཁན་མང་པོ་མེད་པ་རེད། 2017ལོར་ཁོད་སྙོམས་པའི་ཞིང་སྡེའི་བགྲོད་ལམ་ལས་པ་དང་། 2018ལོར་སྡེ་མི་མང་པོ་ཞིག་གིས་སྡེ་བའི་ལམ་རྒྱུད་དུ་ཞིང་བའི་སྤྲོ་ཁྱིམ་ཁང་་གཅིག་རྗེས་གཉིས་མཐུད་དུ་ཕྱེས་པ་དང་། ཞིང་སྡེའི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་”ཞེས་བདེ་སྐྱིད་སྡེ་བའི་སྡེ་མི་རྟ་བྷ་ཡིས་དེ་ལྟར་བཤད་པ་དང་། ཞིང་བའི་སྤྲོ་ཁྱིམ་ཁང་ཚོང་བཟང་པའི་སྐབས་སུ་ལོ་རེར་སྒོར་མོ་ཁྲི་ལྔ་ཡས་མས་ཀྱི་ཡོང་སྒོ་ཡོད་ཟེར། 

རྒྱུས་ལོན་བྱུང་བའི་ལྟར་ན། བདེ་སྐྱིད་སྡེ་བའི་སྡེབ་སྒྲིག་བགྲོད་ལམ་ནི་མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་ཡོངས་སུ་བཏང་བའི་ཡུལ་གཞན་དབུལ་སྐྱོར་གནས་སྤོ་ལས་གཞི་གཅིག་པུ་ཡིན་པ་དང་། རིམ་པ་གསུམ་པའི་ཨར་འདམ་ལམ་ངོས་ཀྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཤིང་།སྤྱིའི་རིང་ཚད་ལ་སྟོང་སྨི་ལྔ་དང་གྲངས་ཆུང་དགུ་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་འབུམ་ལྔ་ལྷག་བཏང་ཞིང་།ས་གནས་དེ་གས་ཞིང་ཆེན་ཡོངས་ཀྱི“སྒེར་འཁོར་བསྐོར་ནས་གནས་སྐོར་བྱེད་སའི”དཔེ་སྟོན་ས་ཚིགས་སྐྲུན་པར་རྨང་གཞི་བཏིངས་ཡོད།

དེ་ལས་གཞན། འཕེལ་རྒྱས་འཛུགས་སྐྲུན་ཁྲོད། བདེ་སྐྱིད་སྡེ་བས་ལམ་དང་མཛེས་ལྗོངས་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱས་ཏེ།གནས་སྤོས་སྡོད་ཁང་ལ་ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་བཟོ་བཀོད་སྤྱད་ཡོད་པ་དང་། ར་སྐོར་ནང་དུ་མེ་ཏོག་བཙུགས་པ་དང་། སྔོ་ཚོད་བཏབ་ཅིང་། རྨ་ཆུའི་འགྲམ་རྒྱུད་དུ་མེ་ཏོག་གི་རྒྱ་མཚོ་དང་། བྱེ་ཐང་། བསིལ་ཁང་སོགས་སྐྲུན་རྒྱུའི་འཆར་འགོད་འཐེན་ཡོད་པ་དང་། སྡེ་བའི་ནང་གི་བགྲོད་ལམ་ཚང་མར་སྐྱེ་ཁམས་ལྗོངས་གཟིགས་ལམ་བུ་དང་། ཡུལ་སྐོར་ལམ་སྐྲུན་ཡོད།

བདེ་སྐྱིད་སྡེ་བའི་ཉེ་འགྲམ་དུ་གནས་སྤོ་དང་བགྲོད་ལམ་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པ་དང་། གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོ་གླེ་གཞུག་སྡེ་བས་ཀྱང་རྣམ་པ་དེ་ལ་ཚོད་ལྟ་བྱེད་བཞིན་ཡོད། 

2018ལོའི་ཟླ12པར་གླེ་གཞུག་སྡེ་བའི་ཁྱིམ་ཚང་གོ་དགུ་ཡི་མི་སུམ་བརྒྱ་བརྒྱད་ཅུ་གཅིག་བསྡུས་སྒོས་གནས་སྤོ་བཀོད་སྒྲིག་བྱེད་སའི་སྡེ་བ་གསར་པར་གནས་སྤོས་པ་དང་། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལམ་བུའི་སྟེང་གླེ་གཞུག་སྡེ་བས་གོམ་སྟབས་བརྟན་པོ་ཞིག་སྤོས་པ་རེད། 2021ལོར། གླེ་གཞུག་སྡེ་བ་ཞིང་ཆེན་རིམ་པའི་ཞིང་སྡེ་དར་སྤེལ་གྱི་ཚོད་ལྟའི་སྡེ་བར་བདམས་པ་དང་། 2022ལོར་ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་གྲོང་གསེབ་ཁྲོད་བདམས་ཏེ། ཁྱད་ཆོས་ལྡན་པའི་ཞིང་པའི་སྤྲོ་ཁྱིམ་སྡེ་བའི་མིང་ཐོགས་པ་དང་། 2023ལོར་ཤར་ནུབ་རྒྱུད་རོགས་ལས་ཚོད་ལྟའི་སྡེ་བར་གཏན་འཁེལ་བྱས་པ་རེད། 

དེ་ལས་གཞན། གླེ་གཞུག་སྡེ་བས་ཡུལ་གཞན་གནས་སྤོས་དབུལ་སྐྱོར་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས། ནུས་ཁུངས་གསར་པ་བཀོལ་སྤྱོད། རིག་གནས་ཡུལ་སྐོར་ཕན་ཚུན་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ལམ་བུ་གསར་པ་ཞིག་ཧུར་ཐག་གིས་གསར་སྐྲུན་དང་འཚོལ་ཞིབ་བྱས་ཏེ།གླེ་གཞུག་སྡེ་བ་དེ“རྨ་འགྲམ་དམངས་ཤག་གི་སྡེ་གྲོང་ཐོག་མ”རུ་སྐྲུན་པ་དང་། དེ་ནས“ལས་རིགས་མང་པོ་མཉམ་དུ་གནས་པ་དང་། འཁོར་ཁང་མང་པོར་སྐུལ་འདེད”གཏོང་བའི་རྗེས་མཐུད་ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་ལྔ་གྲུབ་པར་བྱས་ཤིང་། དེ་དག་ནི་དམངས་སྲོལ་ཐོན་ལས་དང་། ཡུལ་སྐོར་ལས་རིགས། འོད་ཤུགས་ཐོན་ལས། སིལ་ཏོག་དང་སྔོ་ཚོད་བཏོག་པ།  གྱོན་ཆས་ལས་སྣོན་ཐོན་ལས་སོགས་ཡིན། 

“སྔོད་ཆད་ཀྱི་གླེ་གཞུག་སྡེ་བའི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་འཐུང་ཆུ་དཀའ་ལ། སྡེ་བ་གསར་བར་གནས་སྤར་རྗེས། ང་ཚོས་གླེ་གཞུག་སྡེ་བའི་དར་སྐུད་དམར་པོ་གྱོན་ཆས་བཟོ་གྲྭ་ཟེར་བ་ཞིག་སྒྲུབ་པ་དང་། བུད་མེད་ཉི་ཤུ་ལྷག་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་ཡོད། གླེ་གཞུག་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཆོས་མཚོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། བཟོ་གྲྭ་འདིས་སློབ་མའི་ལྭ་བ་དང་མི་རིགས་གྱོན་ཆས་སོགས་བཟོ་བཞིན་ཡོད་པ་དང་། གྱོན་ཆས་བཟོ་གྲྭའི་ལས་བཟོ་པར་ཟླ་རེར་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གསུམ་ཙམ་ཡོད་ལ། ད་ལོར་སློབ་མའི་ལྭ་བ་སྟོང་གཅིག་ལྷག་གི་མངགས་ཐོ་བཟོས་ཚར་ཡོད་ཟེར། 

“འགྲིམ་འགྲུལ་འདེགས་སྐྱོར་དུ་བྱས་ནས་གནས་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བས། གནས་སྐོར་དང་འགྲིམ་འགྲུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་རྣམ་པ་གསར་པར་སྐུལ་འདེད་བཏང་ཡོད།” གཅན་ཚ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཧྲི་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། གཅན་ཚ་རྫོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་དེ་གནས་སྐོར་ལས་རིགས་གཞན་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད་ཟེར། 

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།